དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ཆབ་མདོ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-15

    ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གཞིར་བཟུང་། ཚེས་12ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཆབ་མདོ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ཡན་ཅིན་ཧའེ་དཔའ་ཤོད་རྫོང་འཁོར་ཆེན་ཤང་རྡོ་སེར་གྲོང་ཚོའི་བསོད་ནམས་ཤེས་རབ་དང་། བཀྲ་ཤིས་དོན་གྲུབ། མགོན་པོ་ཚེ་རིང་བཅས་ཀྱི་ཁྱིམ་དུ་ཕེབས་ནས་ཅི་འཕྲོས་མོལ་འཕྲོས་གནང་བ་དང་། འབྲུ་མཛོད་དང་། ཡོང་འབབ། འཕེལ་རྒྱས་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། ཉེ་དུས་ཀྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྒྲོག་འགྲེལ་ཡང་གནང་བ་རེད། ཡན་ཅིན་ཧའེ་ཡིས་བོད་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་མཆོང་སྐྱོད་དང་། དུས་རབས་ཀྱི་འཕོ་འགྱུར། མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཅས་ཚང་མ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་ཐུགས་ཁུར་ཟབ་མོ་གནང་བའི་འབྲས་བུ་རེད། ཚང་མས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས་པ་དང་། ཁོང་གིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་ཐབས་བརྒྱ་ཇུས་སྟོང་དང་བརྩེ་སེམས་ཟབ་མོས་མང་ཚོགས་ཀྱི་དགུན་དུས་དྲོད་ལེན་དང་ཆུ་མཁོ་སྤྲོད་སོགས་ཀྱི་དངོས་ཡོད་གནད་དོན་འགན་ལེན་ཡག་པོ་དང་ཐག་གཅོད་ཡག་པོ་བྱས་ནས་བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་དང་མང་ཚོགས་བློ་ཡིད་ཚིམ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རི་བོ་ཆེ་རྫོང་སློབ་ཆུང་གཉིས་པར་ཡན་ཅིན་ཧའེ་ཡིས་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་དེར་དམ་པོར་དམིགས་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་རྒྱུ་ཕྲུ་གུ་ནས་དམ་འཛིན་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། དགེ་རྒན་གྱི་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ“དྲ་སྦྲེལ་+སློབ་གསོར”མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་དང་སྦྲགས་ཁོང་གིས་ད་དུང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཚོར་ལང་ཚོར་གཅེས་སྤྲས་དང་སློབ་སྦྱོང་ཧུར་ཐག་བྱས་ཏེ་འབྱུང་འགྱུར་སྤྱི་ཚོགས་ནང་དེ་བས་ལེགས་པའི་སྒོ་ནས་ཞུགས་ཏེ་རྒྱལ་ཁབ་ལ་དྲིན་ལན་འཇལ་དགོས་པའི་ལྕག་སྐུལ་གནང་བ་རེད།

    བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་རོགས་རམ་འོག རི་བོ་ཆེ་རྫོང་མི་དམངས་སྨན་ཁང་གིས་དེ་སྔ་བྱེད་མི་ཐུབ་པའི་གཤགས་བཅོས་མང་པོ་བྱས་པ་མཁྱེན་རྗེས་ཡན་ཅིན་ཧའེ་ཡིས་དགྱེས་ཚོར་ཆེན་པོས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་མི་སྣའི“བརྒྱུད་རོགས་ཁྲིད་གསུམ”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ས་གནས་ཁག་ལ“ནམ་ཡང་གནས་ཐུབ་པའི”ལས་དོན་རུ་ཁག་ཅིག་འཇོག་དགོས། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི“སྒོ་འགྲམ”གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྣ་ཚོགས་མུ་མཐུད་ཡག་པོ་གཉེར་དགོས་ཞེས་གསུངས་པ་རེད།

    གཙུག་ལག་ཁྲ་འཁྱིལ་མ་དང་། རྫོང་ལོ་དགོན། འབྲུ་གུ་དགོན་བཅས་སུ་ཕེབས་སྐབས་ཡན་ཅིན་ཧའེ་ཡིས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། དགོན་སྡེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། དེང་རབས་ཚན་རྩལ་ལ་བརྟེན་ནས་གྲངས་འཛིན་ཡིག་ཚགས་བཟོས་ཏེ་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་དངོས་འབྲེལ་ཡག་པོ་ཐུབ་པར་བྱེད་དགོས། དགོན་ཕན་གྲྭ་ཕན་གྱི་བྱེད་ཐབས་ཁག་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ་གྲྭ་བཙུན་གྱི་སྒོམ་སྒྲུབ་དང་། སློབ་སྦྱོང་། འཚོ་བ་བཅས་ཁྲོད་ཀྱི་གནད་དོན་དངོས་ཐག་གཅོད་ཡག་པོ་བྱས་ནས་རྒྱ་ཆེའི་གྲྭ་བཙུན་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།