རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་11ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལྷ་སར་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས)མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གསོ་སྦྱོང་ཚོགས་འདུ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་ཕན་ཡོད་བྱེད་ཐབས་ཕྱོགས་སྡོམ་སྤེལ་རེས། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་གཞི་རིམ་གྱི་འཐབ་ས་དང་པོ་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས)མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་7གྱིས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་སྤེལ་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་ཞིང་། ཁོང་གིས་ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སེམས་ནུས་ཡོད་རྒུ་འདོན་པ་དང་།
ཚད་གཞི་དང་ཡང་ཡང་བསྡུར་བ། དམ་འཛིན་ནན་པོ་དང་ཏན་ཏིག་བཅས་བྱས་ནས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་ཡིན་པའི་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་ཡིན་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ། ངོ་བོ་དང་སྲོག་ཤིང་ཡིན་པའི་མི་དམངས་རང་ཁྱིམ་རང་བདག གཞི་རྩའི་མཛད་ཇུས་ཡིན་པའི་ཁྲིམས་ལྟར་རྒྱལ་སྐྱོང་། རྩ་འཛུགས་ཀྱི་རྩ་དོན་དང་བྱེད་སྒོའི་ཚད་གཞི་ཡིན་པའི་དམངས་གཙོ་གཅིག་སྡུད་ལམ་ལུགས་བཅས་ལ་སྟངས་འཛིན་ནན་པོ་བྱེད་པའི་ཐད་བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན་སྔར་བས་ཡོང་བར་བྱས་ནས། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་བརྟན་པོ་ཡོང་བ་དང་། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ནུས་ཤུགས་འདོན་པ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་འཆར་འགོད་ཞིབ་ཚགས་བྱེད་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་ལེགས་ཆ་བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་ཕན་ནུས་སུ་ཏན་ཏིག་འགྱུར་བ་བྱེད་དགོས་པ། འཐུས་མིའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་དམངས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཁྲིམས་གཏན་འཁེལ་བ་དང་གོ་རིམ་ལྡན་པའི་ཐབས་ལམ་དང་། བྱེད་སྟངས། བརྒྱུད་རིམ་བཅས་བརྒྱུད་ནས་མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། ཐེ་ཞུགས་བྱེད་དབང་། བསམ་ཚུལ་ཤོད་དབང་། ལྟ་སྐུལ་བྱེད་དབང་བཅས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“ལས་ཁུངས་བཞིའི”འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།