དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་ལྔ་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-12-09

    ཚེས་7ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་ལྔ་པ་ལྷ་སར་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་དང་། ནོར་བུ་དོན་གྲུབ། རྡོ་ཐོགས། འོད་ཟེར། ཞུས་ཞུའེ་ཀོང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཅི་གོ་ཀང་། ཝང་ཅུན། ཞུས་ཁྲེང་ཚང་། ཐང་མིང་དབྱིང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་པ་རེད།

    ཐེངས་འདིའི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས། ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཅིག་པའི་དགོངས་དོན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་སྦྲགས། ཚོགས་འདུའི་ཐོག་ད་དུང་མི་དོན་བསྐོ་འཐེན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གསལ་བཤད་དང་། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་སྐུལ་སྤེལ་སྲོལ་ཡིག(འཆར་ཟིན)》ལ་བཟོ་བཅོས་བརྒྱབ་པའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱི་སྙན་སེང་། 《ལྷ་ས་གྲོང་ཁྱེར་གྱི་ཡ་རབས་བྱ་སྤྱོད་སྐུལ་སྤེལ་སྲོལ་ཡིག》སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གསལ་བཤད་བཅས་གསན་པ་དང་། 《ལྷ་ས་གྲོང་ཁྱེར་གྱི་ཡ་རབས་བྱ་སྤྱོད་སྐུལ་སྤེལ་སྲོལ་ཡིག》(གཤམ་ལ《སྲོལ་ཡིག》ཅེས་བསྡུ་རྒྱུ)སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱི་ཞིབ་བཤེར་སྙན་ཞུ་ཡང་གསན་ནས། 《སྲོལ་ཡིག》གི་ནང་དོན་རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ། རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ལས་འགལ་མེད་པའི་ངོས་འཛིན་བྱས་པ་དང་ཆབས་ཅིག ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱེད་རྒྱུའི་གྲོས་འགོ་ཡང་བཏོན་པ་རེད།

    ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་2021ལོའི་ནོར་སྲིད་ཀྱི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི(འཆར་ཟིན)》སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན་དང་། 2020ལོའི་ལོ་འཁོར་གྱི་གཞུང་ཁོངས་རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་དོ་དམ་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆེད་དོན་སྙན་སྒྲོན། 2020ལོའི་ལོ་འཁོར་གྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱས་ནས་ཐོན་པའི་གནད་དོན་དག་ཐེར་ཡོ་བསྲང་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན་བཅས་གསན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་2021ལོའི་ནོར་སྲིད་ཀྱི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར(འཆར་ཟིན)》ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་སྒྲོན་གནང་བ་རེད།

    ཚོགས་འདུའི་ཐོག་ད་དུང《རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་གསབ་འདེམས་བྱེད་རྒྱུའི་གྲོས་གཞི》དང《རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་གསབ་འདེམས་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་ལྔ་པའི་བྱེད་ཐབས(འཆར་ཟིན)》སྐོར་གྱི་གསལ་བཤད་དང་། འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ཡང་གསན་པ་རེད།

    ཚོགས་འདུའི་གྲོས་རིམ་གྱི་བཀོད་སྒྲིག་ལྟར་ཚེས་7ཉིན་གྱི་ཕྱི་དྲོར་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།