ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གཞིར་བཟུང་ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱིས་མི་འབོར་རྒན་རྒོན་མང་བར་ཁ་གཏད་གཅོག་པ་དང་། དབང་སྐྱོན་ལ་འགན་ལེན་དང་འཕེལ་རྒྱས་འཆར་འགོད། འཐུང་ཆུ་བདེ་འཇགས་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་མི་འབོར་འཕེལ་ཕྱོགས་དང་རྒན་རྒོན་མང་བའི་ཆོས་ཉིད་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ་དང་། མི་འབོར་རྒན་རྒོན་མང་བར་ཁ་གཏད་གཅོག་པའི་འཐབ་ཇུས་ཀྱི་གོ་སྐབས་དང་རང་འགུལ་དབང་ཆ་སྟངས་འཛིན་ཡག་པོ་བྱེད་པ། ལམ་ལུགས་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དཔལ་འབྱོར་རྨང་གཞི་བརྟན་དུ་གཏོང་བ། ཐོན་ཟོག་ཞབས་ཞུའི་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། རྒན་རྒོན་གྱི་མཛའ་གྲོགས་ཁོར་ཡུག་གཏོད་པ། སྔ་ཙམ་ཁ་གཏད་གཅོག་པ་དང་། ཕྱོགས་བསྡུས་ཁ་གཏད་གཅོག་པ། ཚན་རིག་དང་མཐུན་པའི་ཁ་གཏད་གཅོག་པ་བཅས་བྱེད་ཐུབ་པ་བྱས་ཐོག་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་རྟེན་ས་ཡོད་པ། རྒས་དུས་སྦྱོང་རྒྱུ་ཡོད་པ། རྒས་དུས་སྤྲོ་སྐྱིད་ཡོད་པ་བཅས་མངོན་འགྱུར་ཧུར་ཐག་བྱེད་དགོས།
ཚོགས་འདུའི་ཐོག རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དབང་སྐྱོན་གྱི་འགན་ལེན་དང་འཕེལ་རྒྱས་འཆར་འགོད་ལ་ཞིབ་འཇུག་གནང་ནས་དབང་སྐྱོན་བྱ་གཞག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཡིན་པས་དབང་སྐྱོན་གྱི་བྱ་གཞག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ཁེ་དབང་འགན་ལེན་དང་། སྤྱི་པའི་ཞབས་ཞུ། ལས་ཞུགས་འབབ་འཕར་བཅས་ལ་དམ་འཛིན་གྱིས་དབང་སྐྱོན་གྱི་ཞབས་འདེགས་འགན་ལེན་གྱི་ལས་དོན་བློ་རྩེ་གཅིག་སྒྲིམ་དང་། ལྷག་བསམ་རྣམ་དག ནུས་ཤུགས་ཡོད་རྒུ་བཅས་ཀྱི་སྒོ་ནས་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ཆུའི་བདེ་འཇགས་འགན་ལེན་དང་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་སྤྲོད་ལས་གྲྭའི་འཁོར་རྒྱུག་དོ་དམ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་ནས་གཙང་ཆུའི་ཆུ་འགོ་དང་། སྐྱེ་ཁམས་ཉམས་ཞན་ཁུལ། ས་མཐོའི་གཙང་ཆུ་དང་། མཚོ། འཁྱགས་རོམ། འདམ་ར་བཅས་གལ་ཆེན་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན། “རིག་ལྡན་ཆུ་བེད”འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། རང་བྱུང་གནོད་འཚེ་སྔོན་འགོག་གི་འགོག་སྲུང་འཛིང་རགས་མགྱོགས་མྱུར་སྐྲུན་དགོས་པ་དང་། ཞིང་འབྲོག་ཁུལ་གྱི་འཐུང་ཆུ་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ཏེ་དྲིལ་བསྒྲགས་ཁྲིད་སྟོན་དང་། ཉམས་གསོ་བདག་སྐྱོང་། འགུལ་རྣམ་ལྟ་ཞིབ་ཚད་འཇལ་བཅས་ལ་ཤུགས་སྣོན་དང་ཁྲིམས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་སྤྲོད་འགན་ལེན་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་འཕྲོད་བསྟེན་ལྟེ་གནས་འཛུགས་པ་ནི་རྒྱལ་ཁབ་རིམ་པའི་སྨན་བཅོས་སྤུས་ལེགས་ཐོན་ཁུངས་རང་ལྗོངས་སུ་མཉམ་སྤྱོད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་དང་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕན་བདེ་སྐྲུན་པའི་བདེ་ཐང་དམངས་ཕན་གྱི་རྣམ་གྲངས་གལ་ཆེན་ཞིག་རེད། རང་འགུལ་ངང་འབྲེལ་གཏུག་དང་འབྲེལ་མཐུད་གྲོས་མོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲིད་ཇུས་དང་། མ་དངུལ། ས་ཞིང་། ཤེས་ལྡན་པ་སོགས་ཀྱི་རྒྱབ་སྐྱོར་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་འཛུགས་པ་དང་ལག་བསྟར་མགྱོགས་སུ་གཏོང་དགོས།
ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་ཐབས་དང་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་གསར་གཏོད་རིམ་སྤོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།