2021ལོའི་དགུན་དུས་ནས་2022ལོའི་དཔྱིད་དུས་བར་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ།
གཅིག ནཌ་ཚལ་མེ་ཟོན་གྱི་དྲིལ་བསྒྲཌ་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》 《ནགས་ཚལ་མེ་ཟོན་སྲོལ་ཡིག》 (རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་541པ) 《རྩྭ་ཐང་མེ་ཟོན་སྲོལ་ཡིག》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་542པ)བཅས་དང་དེ་བཞིན《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་ལྗོངས་ཀྱི་འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་དུས་བབ་དང་ཟུང་འབྲེལ་བྱས་ཏེ་2021ལོའི་ཟླ་11ཚེས་15ཉིན་ནས་2022ལོའི་ཟླ་5ཚེས་31ཉིན་བར་ནི་འདི་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་སྐབས་ཡིན་པ་དང་། 2021ལོའི་ཟླ་12ཚེས་15ཉིན་ནས་2022ལོའི་ཟླ་4ཚེས་30ཉིན་བར་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འགག་རྩའི་དུས་སྐབས་ཡིན་པ་གཏན་འཁེལ་བྱས་ཡོད། རང་ལྗོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ཡག་པོ་སྒྲུབ་ཆེད་གཤམ་གྱི་བཀའ་རྒྱ་དམིགས་སུ་བཀར་ནས་ཡོངས་བསྒྲགས་བྱ་རྒྱུ་སྟེ།
ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་དེས་སྐྱེ་ཁམས་བདེ་འཇགས་འགན་ལེན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུར་གལ་ཆེའི་དོན་སྙིང་ལྡན་པར་ངོས་འཛིན་གང་ལེགས་བྱས་ཏེ། དམངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་སྤེལ་དགོས་པ་དང་། གསར་འགྱུར་སྨྱན་སྦྱོར་བེད་སྤྱོད་གང་ལེགས་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་མེ་ཟོན་མེ་གསོད་ཀྱི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་དགོས། སྤྱི་ཕན་བརྡ་ཁྱབ་དང་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་བརྒྱུད། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཉེན་བརྡའི་ཁ་པར“12119”དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ཤེས་བྱ“སློབ་གྲྭ་དང་། སྡེ་ཁུལ། ཨར་སྐྲུན་ཚན་པ། གྲོང་གསེབ། ཞིང་འབྲོག་དུད་ཚང”བཅས་སུ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་དམངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་འདུ་ཤེས་དང་རང་རྟོགས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཤེས་བྱ་ཁྱིམ་ཚང་ཀུན་དང་མི་ཚང་མས་ཤེས་རྟོགས་ཐུབ་ནས་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་མཉམ་འགོག་མཉམ་བཅོས་དང་ཇུས་ཤུགས་མཉམ་འདོན་གྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།
གཉིས། ཕྱི་རོལ་གྱི་མེ་ཁུངས་དོ་དམ་ནན་པོ་བྱེད་དགོས།
ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས《ནགས་ཚལ་མེ་ཟོན་སྲོལ་ཡིག》དང《རྩྭ་ཐང་མེ་ཟོན་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། ཕྱི་རོལ་དུ་མེ་གཏོང་བའི་དོ་དམ་ལས་དོན་ནན་པོ་སྤེལ་དགོས་པ་དང་། གཙོ་གནད་ས་ཁོངས་དང་རི་ལ་སྐྱོད་སའི་ལམ་མདོར་གཙོ་གནད་ཐོག་འགོག་ཟོན་གྱིས་ཆེད་བསྐོས་མི་སྣས་ལྟ་སྲུང་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་སྐབས་སུ་ས་གནས་དེ་གའི་མང་ཚོགས་རི་ལ་བསྐྱོད་ནས་ཕྱུགས་རིགས་འཚོ་སྐབས་ངེས་པར་དུ་ས་གནས་དེ་གའི་ཤང(གྲོང་རྡལ)དང་གྲོང་ཚོ(གྲོང་ལྷན)ཨུ་ལྷན་དུ་ཐོ་འགོད་བྱེད་དགོས། དུས་མཚུངས་སུ་ནགས་ཁུལ་གྱི་ཁྱབ་ཁོངས་ནང་མེ་གཏོང་སྐབས་ངེས་པར་དུ“གཏན་འགོག་བཅུ”ཐུབ་པ་བྱེད་དགོས་པ་སྟེ། ནགས་ཁུལ་དུ་མེ་བཏང་ནས་ཁ་ལག་བཟོ་བ་དང་། ནགས་ཁུལ་དུ་མེ་བཏང་ནས་དྲོད་ལེན་པ། ནགས་ཁུལ་དུ་བསང་གཏོང་བ། ནགས་ཁུལ་དུ་ཉི་ཐབ་སྤྱོད་པ། ནགས་ཁུལ་དུ་ཐ་མག་འཐེན་པ། ནགས་ཁུལ་དུ་རྔོན་རྒྱག་པ། ནགས་ཁུལ་དུ་ཤིང་གཅོད་པ། ནགས་ཁུལ་དུ་མེ་ཕུང་གི་མཚན་ཚོགས་ཚོགས་པ། ནགས་ཁུལ་དུ་འབར་རྫས་དབོར་སྤྱོད་བྱེད་པ། ནགས་ཁུལ་དུ་ཨར་སྐྲུན་འབར་གས་དང་མདེའུ་དངོས་འཕེན་པ་བཅས་ནན་འགོག་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་དུ་མེ་སྣ་ཚོགས་སྤྱོད་པའི་ཞིབ་མཆན་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཕྱི་རོལ་དུ་མེ་གཏོང་བའི་དོ་དམ་ཚོད་འཛིན་ལག་བསྟར་བྱེད་པ་དང་འགོག་ཟོན་བྱེད་ཐབས་རེ་རེ་བཞིན་དོན་འཁྱོལ་བྱས་ཏེ་ཆོག་མཆན་མ་ཐོབ་པར་ནགས་ཚལ་དང་རྩྭ་ཐང་ཁུལ་དུ་རང་དགར་མེ་གཏོང་མཁན་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་བཤེར་ཐག་གཅོད་ནན་པོ་འཕྲལ་དུ་བྱེད་དགོས། ཨར་སྐྲུན་ཞིབ་མཆན་ལམ་ལུགས་དང་འགན་འཁྲིའི་ལམ་ལུགས་ཀྱི་དོ་དམ་ནན་པོ་བྱས་ཏེ་ཨར་སྐྲུན་ཚན་པས་ངེས་པར་དུ་མེ་ཟོན་སྔོན་ཇུས་བཟོས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལྟ་འདོམས་པ་བཀོད་སྒྲིག་བྱེད་དགོས།
གསུམ། མེ་གསོད་གེགས་སེལ་གྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས།
ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འཕྲལ་སྡོམ་སྔོན་ཇུས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐོན་ཚེ་སྔོན་ཇུས་ལྟར་མགྱོགས་མྱུར་དང་ལེན་དང་མགྱོགས་མྱུར་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་འགྲོ་གྲོན་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་སྔོན་རྩིས་ནང་འཇུག་པ་དང་། མེ་གསོད་འགྲོ་གྲོན་དོན་འཁྱོལ་བྱེད་པ། དངོས་ཟོག་གྲབས་གསོག་ཡག་པོ་བྱེད་པ། མེ་གསོད་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་ཕྱོགས་ཡོངས་ནས་ཞིབ་བཤེར་ཉམས་གསོ་བཅས་བྱས་ཏེ་མེ་ཟོན་མེ་གསོད་ཀྱི་དགོས་མཁོ་འགན་ལེན་བྱེད་དགོས། ས་གནས(གྲོང་ཁྱེར)ཁག་དང་རྫོང(ཆུས)ཁག་གི་ཆེད་ལས་སྣ་ཚོགས་དང་ཕྱེད་ཆེད་ལས་ཀྱི་མེ་གསོད་རུ་ཁག དེ་བཞིན་ཤང(གྲོང་རྡལ)རིམ་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་འཕྲལ་རྒོལ་རུ་ཁག་བཅས་ཀྱིས་མེ་གསོད་ནང་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་མེ་ཟོན་མེ་གསོད་ཀྱི་གྲ་སྒྲིག་མཐའ་དག་ཡག་པོ་བྱེད་དགོས། རིམ་ཁག་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ཡིས“མི་རྩ་བར་འཛིན་པ་དང་བདེ་འཇགས་ཨང་དང་པོར་འཇོག་པའི”བསམ་བློ་བརྟན་པོ་བཙུགས་ནས་མེ་ཟོན་མེ་གསོད་ཀྱི་བདེ་འཇགས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་སྣ་ཤི་རྨས་ཀྱི་ལས་འཛོལ་མཐའ་གཅིག་ཏུ་མི་ཐོན་པ་བྱེད་དགོས།
བཞི། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས།
ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ཡིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་རེས་ལམ་ལུགས་དང་ཆ་འཕྲིན་སྙན་སེང་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་སྐབས་སུ་རིམ་ཁག་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སྡེ་ཚན་གྱིས་ངེས་པར་དུ་ཆུ་ཚོད་24རིང་གི་ལས་རེས་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་བཀའ་དང་མེ་སྐྱོན་གྱི་ཆ་འཕྲིན་ཤར་གཏོང་ཐུབ་པ་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཁོངས་གཏོགས་སུ་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་མེ་སྐྱོན་དུས་ཐོག་ཏུ་ཚོད་འཛིན་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། སྤྱི་ཕན་ནགས་ཚལ་གྱི་ཆེད་ལས་བདག་སྐྱོང་པ་དང་། ནགས་སྲུང་བ། རྩྭ་ཐང་གི་ལྟ་སྐུལ་པ་བཅས་ཀྱིས་སྐོར་ཞིབ་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་སྐོར་ཞིབ་བྱེད་ཚད་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་མེ་སྐྱོན་ཤེས་རྟོགས་ཐུབ་ཚེ་འཕྲལ་མར་ཐག་གཅོད་བྱེད་པ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དགོས། རིམ་ཁག་གནམ་གཤིས་སྡེ་ཚན་གྱིས་སྨྱན་སྦྱོར་སྣ་ཚོགས་བརྒྱུད་དུས་ཐོག་ཏུ་ས་ཁོངས་དེ་གའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་རིམ་པ་སྔོན་བརྡ་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཤེས་རྟོགས་ཐུབ་ཚེ་ཚན་པ་དང་མི་སྒེར་ཚང་མར་ས་གནས་དེ་གའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའུའམ་ཡང་ན་ནགས་རྩྭའི་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་སྙན་སེང་ཞུ་བ་དང“12119”
ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཉེན་བརྡའི་ཁ་པར་རྒྱག་རྒྱུའི་འོས་འགན་ཡོད་ལ་མགྱོགས་མྱུར་ངང་ཁ་གཏད་གཅོག་ཐུབ་པ་བྱས་ནས“སྔ་ཙམ་རྒྱག་པ་དང་། མེ་སྐྱོན་ཐོན་མ་ཐག་རྒྱག་པ། ཁང་པར་བརྒྱབ་ཚར་བ”བཅས་ཐུབ་པར་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལས་བྱུང་བའི་གྱོང་གུན་བཀག་འགོག་ནུས་ལྡན་བྱེད་དགོས།
ལྔ། ནགས་ཚལ་མེ་སྐྱོན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས།
ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་དང་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཇུས་གཞི་སོ་སོར་བཟོས་ནས་གྲལ་བཤེར་གྱི་ནང་དོན་དང་། གྲལ་བཤེར་བྱེད་སྟངས། གྲལ་བཤེར་གྱི་བླང་བྱ། གྲལ་བཤེར་གྱི་ལས་ཀའི་སྒྲིག་འཛུགས་སོགས་ཁ་གསལ་བཟོས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁའི་མངོན་མེད་རྐྱེན་ངན་རིམ་པ་བཞིན་གྲལ་བཤེར་དང་། གང་སར་གྲལ་བཤེར། དུས་དང་རྣམ་པ་ཀུན་ཏུ་གྲལ་བཤེར་བཅས་ཐུབ་པ་བྱེད་དགོས། མེ་སྐྱོན་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་ལྗོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ཡིས་གནམ་གཤིས་གནས་ཚུལ་ལ་གཞིགས་ཏེ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་ཀྱིས་ཟླ་རེར་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ཐེངས་རེ་བྱེད་དགོས་པ་དང་། ས་གནས(གྲོང་ཁྱེར)ཁག་གིས་ཉིན་20རེར་གྲལ་བཤེར་ཐེངས་རེ་བྱེད་དགོས་པ། རྫོང(ཆུས)ཁག་གིས་གཟའ་འཁོར་རེར་གྲལ་བཤེར་ཐེངས་རེ་བྱེད་དགོས་པ་བཅས་རེད། ནགས་སྲུང་བ་དང་རྩྭ་ཐང་ལྟ་སྐུལ་བས་ཉིན་ལྟར་བདག་སྐྱོང་བྱེད་ཁོངས་ནང་ཕྱོགས་ཡོངས་དང་བར་མཚམས་མེད་པར་མེ་སྐྱོན་གྲལ་བཤེར་བྱས་ནས་ཁུག་ཆ་དང་གྲིབ་ཆ་མི་ལུས་པར་མངོན་མེད་རྐྱེན་ངན་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་སྙན་སེང་དང་དུས་ཐོག་ཏུ་ཐག་གཅོད་བྱས་ཐོག་ཕྱོགས་བསྡུས་རྣམ་པ་དང་བར་མཚམས་མེད་པའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གནས་ཚུལ་གསལ་པོ་དང་གདིང་གཞི་གསལ་པོ་ཡོང་བ་བྱས་ནས་ཆུ་མ་ཤོར་གོང་རགས་རྒྱག་ཐུབ་པ་བྱེད་དགོས།
དྲུག ཁྲིམས་ལྟར་མེ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་མེ་ཟོན་དང་ཁྲིམས་ལྟར་མེར་དོ་དམ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་བཟོ་མཁན་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཤེས་རྟོགས་ཐུབ་ཀྱང་ནུས་པ་མི་ཐོན་པའམ་ཡང་ན་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་། འགན་འཛོལ་ཤོར་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐོན་རིགས་དང་། མེ་སྐྱོན་ཐོན་སྐབས་སྦ་གསང་གིས་སྙན་སེང་མི་ཞུ་བ་དང་མེ་གསོད་དམག་འཐབ་ཀྱི་གོ་སྐབས་ནར་འགྱངས་བྱས་རིགས། མེ་ཟོན་གྱི་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་མེ་གསོད་སྒྲིག་འཛུགས་བྱེད་ཤུགས་མི་འདང་བའི་དབང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་ནམ་ཡང་ན་ཤུགས་རྐྱེན་ཆེན་པོ་བཟོས་རིགས་བཅས་ལ་ས་གནས་དེ་གའི་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་གཏོང་དགོས། དེ་དང་ཆབས་ཅིག་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐོན་ཚེ་ས་གནས་དེ་གའི་སྤྱི་བདེ་སྡེ་ཚན་གྱིས་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་ནས་འབྲེལ་ཡོད་འགན་འཁྲི་བར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་འཕྲལ་མར་བྱེད་དགོས་པ་དང་འབྲེལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་ཏེ་ཐག་གཅོད་རེ་བྱེད་པ་དང་། ཉེན་བརྡའི་པར་གཞི་རེ་སྟོན་པ། ཕྱོགས་གཅིག་ལ་སློབ་གསོ་རྒྱག་པ་བཅས་བྱེད་ཐུབ་པ་དགོས།
ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའི་འགན་འཁུར་བ་གཙོ་བོས་ངེས་པར་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་འགན་འཁྲི་བ་དང་པོ་དང་འགན་འཁྲི་བ་གཙོ་བོའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་རིམ་པ་བཞིན་ནགས་ཚལ་མེ་ཟོན་མེ་གསོད་ཀྱི་དམིགས་ཚད་འགན་འཁྲིའི་ཡི་གེ་འཇོག་དགོས། ཀྲོན་ཡོན(ཧྲི་ཀྲང)དང་། རྫོང(ཆུས)དཔོན། ཤང(གྲོང་རྡལ)ཀྲང་། གྲོང་ཚོ(གྲོང་ལྷན)ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་འཁྲི་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། རིམ་ཁག་འགོ་ཁྲིད་ཀྱི་རིམ་དབྱེ་དང་ཡུག་བགོས་ཀྱི་འགན་གཙང་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་རིམ་ཁག་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའི་ཁོངས་མིའི་ཚན་པས་འགན་འཁྲི་ཁ་གསལ་བཟོས་ཏེ་འགན་འཁྲི་ལག་བསྟར་བྱས་ནས་རང་འགུལ་ངང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ལས་དོན་དང་མེ་གསོད་གེགས་སེལ་གྱི་གྲ་སྒྲིག་ཡག་པོ་བྱས་ཏེ་མེ་སྐྱོན་ཐོན་ཚེ་འཕྲལ་མར་ས་གནས་ས་ཐོག་ཏུ་མེ་གསོད་པར་སྐྱོད་ཐུབ་པ་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་རྒྱུན་གཏན་དོ་དམ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་གཏན་འབེབས་ལས་འགལ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐོན་ཚེ་ལས་འཛོལ་བཟོ་མཁན་གྱི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པ་མ་ཟད། གནས་ཚུལ་ཚབས་ཆེ་ཆུང་གཞིར་བཟུང་འབྲེལ་ཡོད་འགོ་ཁྲིད་ཀྱི་སྲིད་འཛིན་འགན་འཁྲི་དང་དེ་བཞིན་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།
རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས།
2021ལོའི་ཟླ་11ཚེས་10ཉིན།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣