ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་དགའ་ལྡན་དགོན་པ་དང་ལྷ་ཉིང་མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་སུ་ཕེབས་ནས་དགོན་སྡེའི་གསར་གཏོད་དོ་དམ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ། མང་ཚོགས་ལ་ཞབས་ཞུ་སོགས་ཀྱི་ལས་དོན་ཐད་བརྟག་ཞིབ་གནང་བ་རེད།
ཀྲོང་ཡན་གྱིས་དགའ་ལྡན་དགོན་པར་ཕེབས་ནས་དགོན་སྡེའི་དོ་དམ་གསར་གཏོད་དང་། རིག་དངོས་སྲུང་སྐྱོབ། མེ་ཟོན་བདེ་འཇགས་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་རྒྱ་ཆེའི་དགེ་འདུན་པ་ཚོས་རྗེ་ཙོང་ཁ་པ་ཆེན་པོ་མིག་དཔེར་བཟུང་ནས་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་སྲུང་སྒྲིག་བཀུར་གྱིས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་མིག་དཔེ་དང་། ཐོས་བསམ་ཟབ་པའི་མིག་དཔེ། ཞི་མཐུན་སྐུལ་འདེད་ཀྱི་མིག་དཔེ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དེ་རྗེས། ཀྲོང་ཡན་དང་བཅས་པས་ད་དུང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཨུ་ཡོན་དང་བཞུགས་མོལ་གནང་ཞིང་། ཁོང་གིས་བོད་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་དགོན་སྡེའི་བརྟན་ལྷིང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་དེ་ཉིད་འགྱུར་མེད་སྟོབས་ལྡན་གྱི་དམག་འཐབ་མཁར་རྫོང་ཞིག་ཏུ་བསྐྲུན་ནས་ཏང་གིས་སྤྱི་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དཔུང་ཁག་གི་སྟོབས་ཤུགས་བཀོད་སྒྲིག་ཡག་པོ་བྱེད་པ། གཞོགས་འདེགས་དམ་ཟབ་དང་། མཉམ་ལས་ལ་ཤུགས་སྣོན། མཉམ་ཤུགས་ཆགས་པ་བཅས་བྱས་ཏེ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་ཁག་དེ་བས་གཏིང་ཟབ་དང་། དེ་བས་ཞིབ་ཚགས། དེ་བས་ཏན་ཏིག་བཅས་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལྷ་ཉིང་མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་ནི་ལྷ་སའི་ཤར་སྒོ་ཆེན་པོ་ཡིན་པས་འགྲོ་འོང་བྱེད་མཁན་རླངས་འཁོར་དང་མི་སྣ་མང་པོ་ཡོད། ཀྲོང་ཡན་དང་བཅས་པས་ཞིབ་བཤེར་ས་ཚིགས་ཀྱི་མི་སྣ་བཀོད་སྒྲིག་དང་། འཁོར་རིགས་ཞིབ་བཤེར། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ལས་དོན་ཁག་གོ་རིམ་ལྡན་པ་གཟིགས་སྐབས་ཀྲོང་ཡན་གྱིས་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་བཅས་ཀྱི་ཚབ་ཞུས་ཏེ་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་ནང་མིར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མས་སྙིང་སྟོབས་ཆེར་སྐྱེད་དང་ཚད་མཐོའི་དོགས་ཟོན་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་ཞིབ་བཤེར་ས་ཚིགས་ཀྱི་ལྷ་སའི“གྲོང་སྲུང་ཆུ་བོའི”ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།