རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཚེས་4ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གི་མིང་བཏགས་གཟེངས་བསྟོད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་གསུང་བཤད་གནང་བ་རེད།ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྩ་འཛུགས་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཁྲེན་ཡུང་ཆི་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཀྲང་ཞུའེ་ཅེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་བཅས་ཚོགས་འདུར་ཞུགས་པ་རེད།
ཡན་ཅིན་ཧའེ་ཡིས་གསུང་བཤད་གནང་སྐབས་དང་ཐོག་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་མིང་བཏགས་གཟེངས་བསྟོད་ཐོབ་པའི་ཚན་པ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ། དཔུང་སྡེའི་ལས་བཟོ་བཅས་དང་། སྔོན་གཤེགས་དཔའ་བོའི་ནང་མི་དང་དམག་མིའི་ནང་མི། རྨས་སྐྱོན་ཕོག་པའི་དམག་མི། ལས་སྒྱུར་དང་དམག་ཞབས་ཐིམ་པའི་དམག་མི། རྒན་ཡོལ་ཞུས་པའི་དམག་དཔུང་གི་ལས་བྱེད་པ། གཉིས་བཀུར་ལས་དོན་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འཐབ་ཕྱོགས་ཀྱི་བློ་མཐུན་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ། གཉིས་བཀུར་ལས་དོན་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཡན་ཅིན་ཧའེ་ཡིས། དམག་དཔུང་དང་ས་གནས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས”འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་རྒྱུར་དམིགས་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་དུས་སྐབས་གསར་པའི་རྒྱལ་སྲུང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། མཐའ་སྟོབས་མཐའ་བརྟན་ལ་དམིགས་ནས“མཉམ་དུ་ལྔ་དང་སྲ་བརྟན་ལྔ”ཡི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། མཐའ་མཚམས་ས་ཁུལ་གྱི་མི་འབོར་དང་དཔལ་འབྱོར་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཉམ་ཤུགས་ལ་བརྟེན་ནས་མཐའ་སྟོབས་མཐའ་བརྟན་ལ་སྐུལ་འདེད་གཏོང་དགོས། དཔོན་དམག་གི་དོ་ཁུར་བྱ་ཡུལ་ལ་དམིགས་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་བཀོད་སྒྲིག་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ་དང་འཆི་གོད་གྱོང་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་མ་ལག་གང་མགྱོགས་བཙུགས་ནས་དམག་མིའི་བུ་ཕྲུག་གི་སློབ་གསོ་སོགས་འགན་ལེན་ཞབས་ཞུ་ཕྱོགས་ཡོངས་ནས་ལེགས་སུ་གཏོང་དགོས། དམག་ཞབས་ཐིམ་པའི་དམག་མིར་དམིགས་ཏེ་རྒྱུན་རྣམ་ཅན་གྱི་ཐོག་ནས་དམག་ཞབས་ཐིམ་པའི་དམག་མིར་འབྲེལ་གཏུག་བྱེད་པའི་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱས་ནས་མཐུན་འཕྲོད་རང་བཞིན་གྱི་གསོ་སྦྱོང་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་། སློབ་རྒྱུས་སློབ་གསོའི་གསོ་སྦྱོང་བཅས་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་མ་ཟད། བོད་སྡོད་དཔུང་སྡེས་རང་ངོས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་དང་རྒྱལ་ཇུས་དམངས་འཚོར་ཞབས་འདེགས་ཞུ་བའི་ཁྲོད་ནུས་ཤུགས་ཡོད་རྒུས་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་བཏགས་དང་གཉིས་བཀུར་དཔེ་བཟང་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད། ལྗོངས་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)ལ་མིང་འདོགས་རྒྱུ་དང་། རང་སྐྱོང་ལྗོངས་རྒྱལ་གཅེས་དམག་བཀུར་དཔེ་བཟང་ཚན་པ་དང་སྲིད་བཀུར་དམངས་གཅེས་དཔེ་བཟང་ཚན་པ་དང་མི་སྒེར་ལ་གཟེང་བསྟོད་བྱ་རྒྱུ། ལྗོངས་ཡོངས་ཀྱི་དམག་ཞབས་ཐིམ་པའི་དཔེ་བཟང་དམག་མི་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་དཔེ་བཟང་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུ་བཅས་སྐོར་གྱི་གཏན་འབེབས་སྒྲོག་སྦྱངས་བྱས་པ་རེད། ཚོགས་ཞུགས་འགོ་ཁྲིད་ཀྱིས་མིང་བཏགས་གཟེངས་བསྟོད་ཐོབ་པའི་ལྗོངས་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)དང་དཔེ་བཟང་ཚན་པ་དང་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་པ་རེད། དམག་དཔུང་དང་ས་གནས་ཀྱི་འཐུས་མིས་ཚོགས་འདུའི་ཐོག་གཏམ་བཤད་བྱས་པ་རེད།