དབུ་ཤོག>སྲིད་དོན།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྔོན་ཐོན་ལ་གོང་བཀུར་དང་། སྔོན་ཐོན་ལ་སློབ་སྦྱོང་། སྔོན་ཐོན་བརྩོན་ལེན་བཅས་ཀྱི་རྣམ་པ་བཏོད་དེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་ཆེད་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-08

    1271555_yis_1636300800000_s.jpg

    ཟླ་11ཚེས་6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པེ་ཅིང་དུ་རང་ལྗོངས་ཀྱི་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་འཐུས་མི་དང་དེ་བཞིན་མིང་འདོན་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་བ།

     ཚེས་6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པེ་ཅིང་དུ་རང་ལྗོངས་ཀྱི་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་འཐུས་མི་དང་དེ་བཞིན་མིང་འདོན་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་ཞིང་། ཁོང་གིས་ཀུན་སྤྱོད་དཔེ་བཟང་བར་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་སྔོན་ཐོན་ལ་གོང་བཀུར་དང་། སྔོན་ཐོན་ལ་སློབ་སྦྱོང་། སྔོན་ཐོན་བརྩོན་ལེན་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་དེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་ཆེད་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། དུས་རབས་གསར་པའི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་རྒྱས་བཤད་གཏིང་ཟབ་གནང་ནས་ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དང་མིང་འདོན་བྱ་དགའ་ཐོབ་མཁན་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དེ་ཐོག་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུན་སྤྱོད་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་ཀུན་སྤྱོད་དཔེ་བཟང་བར་ལྷག་བསམ་ཟོལ་མེད་ངང་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད།

    ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། ལོ་མང་རིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་དང་དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པའི་ཁྲོད་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་པའི་ཁྲོད་མེས་རྒྱལ་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱེད་པ།མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་མོ་མངོན་པ། འཐབ་ཕྱོགས་ཁག་ཏུ་སྔོན་ཐོན་དཔེ་བཟང་བ་དང་དཔའ་བོ་དཔེ་བཟང་བ་འབོར་ཆེན་ཞིག་ཐོན་ཡོད། ད་རེས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དང་མིང་འདོན་བྱ་དགའ་ཐོབ་མཁན་བློ་མཐུན་ཚོ་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་གི་མཚོན་བྱེད་ཤ་སྟག་རེད། ཚང་མའི་སྔོན་ཐོན་བྱས་རྗེས་ཀྱིས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་འབད་འབུངས་ཡར་བརྩོན་གྱི་སེམས་ཤུགས་ཆེ་རུ་ཕྱིན་པ་དང་། ཚང་མའི་བླ་ན་མེད་པའི་ཀུན་སྤྱོད་ཀྱིས་བོད་ལྗོངས་ལ་དྲོ་སྐྱིད་སྦྱིན་པ་དང་ས་མཐོར་འོད་སྣང་སྦྱིན་པ། ཚང་མས་སྤྱིར་བཏང་གི་བྱ་སྤྱོད་དང་རླབས་ཆེན་གྱི་སྙིང་སྟོབས་ལ་བརྟེན་ནས་མཆོག་ཏུ་གྱུར་པའི་བདེན་བཟང་མཛེས་གསུམ་གྱི་སྟོབས་ཤུགས་ལ་འགྲེལ་བཤད་བྱས་ཡོད་པས། ཁོང་ཚོ་ནི་སྤྱི་ཚོགས་ཀྱི་ཤེས་དཔལ་དར་སྲོལ་ལ་སྣེ་ཁྲིད་ནུས་ལྡན་བྱེད་མཁན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་མཁན་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཀུན་སྤྱོད་ནི་སྤྱི་ཚོགས་འབྲེལ་བའི་རྨང་རྡོ་ལྟ་བུ་དང་མིའི་དབར་ཞི་མཐུན་ཡོང་བའི་རྨང་གཞི་ཡིན་པ་དང་། ཀུན་སྤྱོད་དཔེ་བཟང་བ་ནི་མངོན་ཡོད་ཀྱི་དྲང་ནུས་དང་གསོན་ཉམས་དོད་པའི་རིན་ཐང་ལྟ་བ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཀུན་སྤྱོད་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་དོན་འཁྱོལ་ཏན་ཏིག་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ལ་བརྟེན་ནས་གོམས་སྲོལ་བཟང་པོ་ཆགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀུན་སྤྱོད་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་ནུས་སེམས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་པར་བསམ་པའི་སྟོབས་ཤུགས་དང་ཀུན་སྤྱོད་ཀྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་ཁྱབ་པའི་བདེན་དོན་སྟོབས་ཆེན་མྱོང་ཚོར་ཟབ་མོ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་མྱོང་ཚོར་ཟབ་མོ་ཐུབ་པར་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། གཟེངས་བསྟོད་ཐོབ་པའི་འཐུས་མིས“སྲུང་སྐྱོང་གཉིས”ཀྱི་དཔེ་བཟང་བ་བརྩོན་ལེན་བྱེད་པ་དང་། མེས་རྒྱལ་ལ་དགའ་ཞེན་བྱེད་པའི་དཔེ་བཟང་བ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དཔེ་བཟང་བ་བརྩོན་ལེན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བའི་དཔེ་བཟང་བ་བརྩོན་ལེན་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བའི་དཔེ་བཟང་བ་བརྩོན་ལེན་བྱེད་པ། རྒྱལ་གཅེས་མཐའ་སྲུང་གི་དཔེ་བཟང་བ་བརྩོན་ལེན་བྱེད་པ་བཅས་བྱས་ནས་ཡང་འབད་བསྐྱར་འབད་དང་། སླར་ཡང་བྱས་རྗེས་གསར་པ་འཇོག་པ། མིག་དཔེ་བཟང་པོ་དང་དཔེ་སྟོན་ཡག་པོ་བྱེད་པ་དང་དཔེ་བཟང་བའི་གཏམ་སྤྱོད་ལ་བརྟེན་ནས་ཉེ་འགྲམ་གྱི་མི་རྣམས་ལ་ཤུགས་རྐྱེན་ཐེབས་སུ་འཇུག་པ་དང་དྲང་ནུས་གཅིག་ཏུ་སྒྲིལ་བ། མང་ཚོགས་དེ་བས་མང་བས་མིག་ལྟོས་ཡར་འདྲེན་དང་དགེ་བརྩོན་ཡར་ཐོན་བྱ་རྒྱུར་སྐུལ་ཁྲིད་བཅས་བྱས་ནས་རང་འགུལ་ངང་བླ་ན་མེད་པའི་ཀུན་སྤྱོད་ལག་ལེན་བསྟར་མཁན་དང་། ཡ་རབས་སྲོལ་བཟང་སྲུང་སྐྱོང་བྱེད་མཁན། མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་བྱེད་མཁན་བཅས་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱིས་ཀུན་སྤྱོད་དཔེ་བཟང་བར་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་མི་རྣམས་ལ་ཉེ་འགྲམ་ནས་འགོ་བཙུགས་ཏེ་རྒྱུན་གཏན་གྱི་ལས་དོན་དང་འཚོ་བའི་ཁྲོད་ཀུན་སྤྱོད་བཟང་པོ་དོན་འཁྱོལ་བྱ་རྒྱུའི་ཁྲིད་སྟོན་བྱེད་པ་དང་དཔེ་མཚོན་དཔེ་བཟང་བ་རྒྱུན་ཆད་མེད་པར་ཐོན་པར་བྱེད་པ་དང་ཤེས་དཔལ་གྱི་སྲོལ་གསར་ས་མཐོར་ཁྱབ་པ་བྱེད་དགོས། སྨྱན་སྦྱོར་ཁག་གིས་དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། སྔོན་ཐོན་དཔེ་བཟང་བའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན། ཀུན་སྤྱོད་དཔེ་བཟང་བའི་བླ་ན་མེད་པའི་སྙིང་སྟོབས་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ། སྔོན་ཐོན་ལ་བརྩི་མཐོང་དང་། སྔོན་ཐོན་ལ་སློབ་སྦྱོང་། སྔོན་ཐོན་བརྩོན་ལེན་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གུང་ཁྲན་ཏང་མིའི་བསམ་པའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་བྱེད་པ། སྤྱོད་གཙང་རང་གཅུན་གྱི་རང་མདངས་རྒྱུན་འཁྱོངས་བཅས་བྱས་ནས་ཀུན་སྤྱོད་ཤེས་པ་དང་། སྤྱི་པའི་སྤྱོད་བཟང་སྲུང་བ། སྒེར་གྱི་སྤྱོད་བཟང་ནན་སྲུང་བཅས་བྱེད་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ། དངོས་འཛིན་དངོས་སྒྲུབ་དང་གསར་འབྱེད་ཡར་བརྩོན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་དཔེ་སྟོན་བ་དང་སྣེ་ཁྲིད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བའི་ཁྲིད་སྟོན་པ་དང་ལག་ལེན་པ་བཅས་བྱེད་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།