དབུ་ཤོག>སྲིད་དོན།
  • བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཅིག་འདོམས་སུ་བྱེད་པ་དང་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-05

    ཟླ་11ཚེས་1ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། 《ཚེ་སྲོག་ནི་རིན་ཆེན་གསེར་ལས་ལྷག》ཅེས་པའི་བརྙན་འཕྲིན་ཆེད་དོན་པར་གཞི་གཅིག་སྡུད་ཐོག་ལྟ་བ། མིག་སྔའི་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་དང་འཕྲད་པའི་དུས་བབ་དང་ལས་འགན་ལ་ཕྱོགས་སྡོམ་དང་དབྱེ་ཞིབ་བྱེད་པ། བདེ་འཇགས་ཐོན་སྐྱེད་ལས་འཛོལ་གྱི་བསླབ་བྱ་དང་ལེན་ཧུར་ཐག་བྱེད་པ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། དགོས་གཏུགས་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་དོགས་ཟོན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་མཛུབ་སྟོན་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་ལ་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་དང་། བདེ་འཇགས་འཕེལ་རྒྱས་ཀྱི་འཐབ་ཇུས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་སོགས་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རྒྱས་བཤད་གཏིང་ཟབ་གནང་བ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བཙུགས་ཏེ་ཚེ་སྲོག་གོང་དུ་བཀུར་བ་དང་བདེ་འཇགས་ཨང་དང་པོར་འཇོག་པའི་བསམ་བློ་དར་སྤེལ་གཏོང་བ་དང་། སྤྱི་པའི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། གེགས་འགོག་དང་། གེགས་སེལ། གེགས་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་ཡོད། ཝང་ཅུན་ཀྲེང་གིས། མིག་སྔར་རང་ལྗོངས་འདི་ཉིད་སྟོན་ཁ་དང་དགུན་ཁ་བརྗེ་བའི་དུས་མཚམས་སུ་སླེབས་ཡོད་པས་དྲོད་ཚད་རིམ་བཞིན་ཆག་པ་དང་གངས་འཁྱགས་ཀྱི་ལམ་དུམ་རིམ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དང་། འཛུགས་སྐྲུན་ལས་གྲྭ་སྣ་ཚོགས་མཇུག་བསྡུའི་དུས་མཚམས་སུ་སླེབས་པས་འཛུགས་སྐྲུན་བྱེད་པོས་མྱུར་ཚད་མགྱོགས་སུ་དང་ཕན་འབྲས་ཆེ་རུ་གཏོང་འདོད་ཆེན་པོ་བྱེད་པ། གནམ་གཤིས་སྐམ་ཤས་ཆེ་ཞིང་གྲང་ངར་ཆེ་བས་སྣུམ་རླངས་གློག་སོགས་ཀྱི་དགོས་མཁོ་ཧ་ཅང་ཆེ་བ། འགྲོ་ལམ་བདེ་འཇགས་དང་། འཛུགས་སྐྲུན་ཨར་ལས། གྲོང་ཁྱེར་གྱི་མེ་ཟོན། རིག་དངོས་ཀྱི་མེ་ཟོན། ནགས་ཚལ་གྱི་མེ་ཟོན་བཅས་ཀྱི་དུས་བབ་སྔར་བས་ཛ་དྲག་ཏུ་འགྲོ་བཞིན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་དེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་བ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པ། དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིག་སྔར་བས་ཟབ་ཏུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བཅས་བྱས་ནས། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཁོར་ཡུག་བཟང་པོ་བཏོད་དེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་མཐའ་འཁྱོངས་ཀྱིས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་དང་། བྱ་སྤྱོད་ཐད་མཐའ་གཅིག་ཏུ་དོན་འཁྱོལ། བྱ་ཐབས་ཐད་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་དགོས། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་མཐའ་འཁྱོངས་ཀྱིས་རྣམ་གཡེང་གི་བསམ་བློ་དང་། སྟེས་དབང་གི་སེམས་ཁམས། ལྷོད་གཡེང་གི་བསམ་པ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་གཏིང་ཟབ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་འཛིན་པ་བཅས་བྱེད་དགོས། མཐའ་ཚད་ཀྱི་བསམ་གཞིག་བརྟན་པོར་བཙུགས་ནས་བདེ་འཇགས་འགན་ལེན་དང་བརྟན་ལྷིང་འགན་ལེན་གྱི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ལས་འཛོལ་ཚབས་ཆེན་མི་ཐོན་པའི་མཐའ་ཚད་དེ་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་ལས་འཛོལ་ལ་བརྩིས་ནས་ཐག་གཅོད་བྱེད་པ་དང་། མངོན་བཤེར་དང་ལྐོག་ཞིབ་ཟུང་འབྲེལ་བྱེད་པ། རྒྱུན་རྣམ་ཞིབ་བཤེར་དང་གཙོ་གནད་ལྟ་སྐུལ་ཞིབ་བཤེར་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བྱེད་དགོས།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཡག་པོ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྐྱོང་ལོ་གསུམ་གྱི་བྱ་སྤྱོད་སྒྲིག་འཛུགས་དང་ལག་བསྟར་གཏིང་ཟབ་བྱས་ནས་རྩ་ལག་མཉམ་བཅོས་དང་། མ་ལག་བཅོས་སྐྱོང་། གནད་སྨིན་ཇུས་འདོན་བཅས་བྱས་ཏེ་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་དགོས། བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་ནུས་པ་ཆེ་རུ་གཏོང་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས། གཙོ་གནད་མངོན་མེད་རྐྱེན་ངན་བཅོས་སྒྲིག་མངོན་གསལ་དོད་པོ་བྱེད་པ་དང་། འབྱུང་རྩ་ནས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཞན་ཆ་གསེད་དཀྲོལ་ནན་ཏན་བྱེད་པ། “རྙིང་ཆེ་དཀའ་གསུམ”གྱི་གནད་དོན་ཁག་གཅིག་མཐར་ཕྱིན་པ་བཅོས་དགོས། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། 《བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱེད་པ། སྤྱོད་གོ་ཆོད་པ་དང་བཙན་ཤེད་དབང་གྲགས་ལྡན་པའི་ས་གནས་ཀྱི་ཚད་གཞི་ཁག་ཅིག་བཟོ་བ། ཉེན་ཁའི་རིམ་པ་ཕྱེ་ནས་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་བྱ་རྒྱུ་གཙོ་གནད་དུ་འཛིན་པའི་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་གང་མགྱོགས་འཛུགས་པ་བཅས་བྱས་ཏེ། འགལ་བ་དང་གནད་དོན་ཆེ་རིགས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། རྨང་གཞིའི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་བདེ་འཇགས་ཐོན་སྐྱེད་ལ་མ་འཇོག་བྱེད་མང་དུ་བཏང་ནས་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་བདེ་འཇགས་ལས་གྲྭ་འཛུགས་སྐྲུན་བྱེད་པར་གཙོ་གནད་དུ་རྒྱབ་སྐྱོར་བྱེད་དགོས། ལྟ་སྐུལ་དཔྱད་ཞིབ་དང་ལས་འགན་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམིགས་ཚད་ཀྱི་ཕྱོགས་སྟོན་དང་། གནད་དོན་གྱི་ཕྱོགས་སྟོན། གྲུབ་འབྲས་ཀྱི་ཕྱོགས་སྟོན་བཅས་མཐའ་འཁྱོངས་བྱས་ཏེ། བཅོས་སྐྱོང་ལས་དོན་ཐད་བྱས་རྗེས་མི་འཇོག་མཁན་དང་གནད་དོན་གལ་ཆེན་དང་མངོན་མེད་རྐྱེན་ངན་ཐག་གཅོད་མི་བྱེད་པའི་རིགས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱེད་དགོས།

    གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཐོལ་བྱུང་གི་དོན་རྐྱེན་ཚབས་ཆེན་ཐོན་རྒྱུ་ནན་འགོག་བྱེད་དགོས། བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ལ་ལྟ་འདོམས་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་དང་ཁུག་ཆ་མི་ལུས་པ་བྱས་ཏེ་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་ཡོད་རིགས“སྤ་སེ་གཅིག་གིས་ཁྲུ་སློག”དགོས། “ནན་པོ”གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཙོ་གནད་ལས་རིགས་ཁྱབ་ཁོངས་ལ་དམ་པོར་དམིགས་པ་དང་། སྐོར་ཞིབ་དཔྱད་ཞིབ་དང་སྐོང་འདྲིའི་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གནད་དོན་བརྡ་ཁྱབ་དང་དག་ཐེར་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལམ་སྲོལ་འཛུགས་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཚབས་ཆེན་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ། གནད་དོན་གྱི་མི་མངོན་པའི་རྐྱེན་ངན་དག་ཐེར་དོན་འཁྱོལ་མི་བྱེད་པའི་དཔེ་མཚོན་ཁག་གཅིག་དང་མཉམ་འབྲེལ་ཆད་གཅོད་ལ་དོ་ཁུར་བྱེད་པའི་ཐོ་གཞུང་ནག་པོའི་ཁེ་ལས་ཁག་གཅིག་དམར་འདོན་བྱེད་དགོས། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་བྱས་ཏེ། ལས་འཛོལ་གྱི་འབྱུང་རྐྱེན་རྩད་ཞིབ་གསལ་པོ་མ་བྱས་ན་ཐར་པར་མི་གཏོང་བ་དང་། འགན་འཁུར་མི་སྣ་ཐག་གཅོད་མ་བྱས་ན་ཐར་པར་མི་གཏོང་བ། དག་ཐེར་ཡོ་བསྲང་བྱེད་ཐབས་དོན་འཁྱོལ་མ་བྱས་ན་ཐར་པར་མི་གཏོང་བ། འབྲེལ་ཡོད་མི་སྣར་སློབ་གསོ་མ་ཐོབ་ན་ཐར་པར་མི་གཏོང་བ་བཅས་ཏན་ཏིག་བྱེད་དགོས།

    འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁུར་བ་དང་པོ་ནི་ཏང་སྲིད་འགོ་ཁྲིད་གཙོ་བོ་ཡིན་པ་ཐོག་མཐའ་བར་གསུམ་དུ་ཡིད་ལ་བརྟན་པོར་ངེས་ནས། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་བཅས་ཀྱི་གཏན་འབེབས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ལ་བརྩིས་ནས་ཕྲག་ཐོག་ཏུ་འཁུར་བ་དང་བྱ་སྤྱོད་ཐོག་འཁྱོལ་བ་བྱེད་པ། ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་བཅས་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་དགོས། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་ཆེ་རུ་གཏོང་བ་དང་བདེ་འཇགས་ཐོན་སྐྱེད་ལས་ཀའི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་ཏང་གི་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་འགན་འཁུར་བ་གཙོ་བོ་ལས་གནས་སུ་ཡོད་པ་དང་བདེ་འཇགས་དོ་དམ་དང་ལག་རྩལ་ཚོགས་པས་ས་གནས་ས་ཐོག་ཏུ་སྲུང་རྒྱུར་དམ་འཛིན་བྱས་ནས་ལས་འཛོལ་ཐོན་རྒྱུ་དང་ཉེན་ཁ་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་གཏིང་ཟབ་བྱས་ཏེ། ཉེན་ཁ་ཆེ་རིགས་ཞིབ་བཤེར་དང་། མངོན་མེད་རྐྱེན་ངན་ཆེ་རིགས་སེལ་བ། ལས་འཛོལ་ཆེ་རིགས་སྔོན་འགོག་བཅས་མཐའ་འཁྱོངས་ཀྱིས་རྩ་བའི་ཐོག་ནས་མངོན་མེད་རྐྱེན་ངན་སེལ་བ་དང་གནད་དོན་ཐག་གཅོད་བྱེད་དགོས། གློ་བུར་དུ་ཐོན་པའི་གནས་ཚུལ་འཕྲལ་སྡོམ་ཐག་གཅོད་བྱེད་པའི་གྲ་སྒྲིག་ཡག་པོ་བྱས་ནས་བོད་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དོན་དངོས་གནས་ཚུལ་ལ་དམིགས་ཏེ་འཕྲལ་སྡོམ་སྔོན་ཇུས་ཁ་གསལ་བཟོ་བ་དང་། འཕྲལ་སྡོམ་སྟོབས་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་འགན་ལེན་དོན་འཁྱོལ་བྱེད་པ། འཕྲལ་སྡོམ་ནང་སྦྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ་སོགས་གཙོ་གནད་ཀྱི་ལྷུ་ཚིགས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་སྤེལ་རེས་དང་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་བཅས་བྱས་ནས་ལས་འཛོལ་དང་གནོད་འཚེ་ཐོན་ཚེ་མགྱོགས་མྱུར་ཁ་གཏད་གཅོག་པ་དང་ཐག་གཅོད་ནུས་ལྡན་བྱེད་རྒྱུའི་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།