ཚེས་2ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཀྲུང་དབྱང་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་བྱས་ནས། བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཞི་ཚུགས་ནས་དུས་རབས་གསར་པའི་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འཆར་འགོད་དང་སྐུལ་འདེད་བཏང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་དང་། རྡོ་ཐོགས། འོད་ཟེར་བཅས་དང་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་འཆི་མེད་རིག་འཛིན་དང་། ཉི་མ་ཚེ་རིང་། ཅིས་གོ་ཀང་བཅས་ཚོགས་འདུར་ཞུགས་པ་ཡོད་པ་རེད།
ཚོགས་འདུའི་ཐོག་ཏིང་ཡེ་ཤན་དང་། རྡོ་ཐོགས། འོད་ཟེར། འཆི་མེད་རིག་འཛིན། ཉི་མ་ཚེ་རིང་། ཅིས་གོ་ཀང་སོགས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ་དེས་ང་ཚོར་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གོ་སྐབས་གསར་པ་ཞིག་བཏོད་ཡོད་ལ། དེ་བས་མཐོ་བའི་བླང་བྱ་གསར་པའང་བཏོན་ཡོད། ང་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་ཁྲོད་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ངེས་གནས་གསར་པ་དང་ལས་འགན་གསར་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་བླ་ན་མེད་པའི་འགན་འཁྲི་ཏན་ཏིག་ཁུར་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ལག་བསྟར་ཏན་ཏིག་བྱེད་དགོས།
གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མིའི་ལས་དོན། རང་ངོས་འཛུགས་སྐྱོང་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ་དང་། ས་གནས་ཀྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བའི་ཐད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་ལ་དེ་བས་ལེགས་པའི་སྒོ་ནས་འགྱུར་བར་བྱེད་དགོས། བསམ་བློའི་འདུ་ཤེས་སྔར་བས་འགྱུར་ལྡོག་བཏང་སྟེ་ལས་ཀའི་བྱེད་ཐབས་ལ་ཤུགས་ཆེར་གཏོང་བ་དང་ལོ་མཇུག་གི་ལས་དོན་ལ་སྤྱི་འདོམས་བཀོད་སྒྲིག་བྱས་ནས་འདི་ལོའི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་ཐོག་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།