དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ཡིས་ལྷ་ས་གྲོང་ཁྱེར་དུ་འདུ་ཤེས་འཛིན་སྟངས་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-11-02

    ཚེས་27ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་སེ་ར་དགོན་དང་། ལྷ་སའི་གཅེས་སེམས་ཀུང་སི། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གྲོང་ཚོ། ལྷ་ས་དགེ་འོས་མཐོ་རིམ་ཆེད་སྦྱོང་ཚན་ཁག་སློབ་གྲྭ་སོགས་སུ་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    སེ་ར་དགོན་དུ་བརྟག་ཞིབ་གནང་སྐབས་དབང་ཧའེ་ཀྲོའུ་དང་བཅས་པས་དགོན་སྡེའི་ནང་བསྟན་དཔེ་ཁྲིད་ཁང་དང་དཔེ་མཛོད་ཁང་སོགས་སུ་གཟིགས་པ་མ་ཟད། དྲིལ་བསྒྲགས་སློབ་གསོའི་ལས་དོན་དང་དགེ་འདུན་པའི་བསམ་བློ་གཏོང་ཕྱོགས་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཚགས་དང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་དགོན་སྡེ་དོ་དམ་དང་བསམ་བློའི་སློབ་གསོའི་ལས་དོན་དུས་བསྟུན་མདུན་སྐྱོད་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་འདུལ་ཁྲིམས་བསྟན་དོན་གྱི་གཞི་རྩའི་རྩ་དོན་ཟུང་འབྲེལ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་སྐབས་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འགྱུར་ལྡོག་གཏོང་བ་དང་རྗེས་ལུས་དང་ཕན་མེད་ཀྱི་ནང་དོན་མཐའ་གཅིག་ཏུ་དོར་བ་སོགས་ལ་ཤུགས་སྣོན་བརྒྱབ་ནས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

    ལྷ་ས་གྲོང་ཁྱེར་གཅེས་སེམས་ཀུང་སིའི་འགན་འཁུར་བློ་མཐུན་གྱི་ངོ་སྤྲོད་གསན་རྗེས་དབང་ཧའེ་ཀྲོའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་ནས། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་གྱི་བྱེད་སྒོ་དམ་འཛིན་ཡག་པོ་བྱས་ཏེ། རྒྱུན་ལྡན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བསམ་བློའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་བྱེད་རིང་གནད་དོན་གང་ཡང་མི་ཐོན་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གྲོང་ཚོར་དབང་ཧའེ་ཀྲོའུ་དང་བཅས་པས་གྲོང་མི་ཡེ་ཤེས་དཔལ་ལྡན་དང་རྒྱལ་བློའི་ཁྱིམ་དུ་ཕེབས་ནས། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་། གྲོང་ཚོའི་ནང་སྤེལ་བའི་དྲིལ་བསྒྲགས་སྒྲོག་འགྲེལ་དང་རིག་གནས་དང་རིག་རྩལ་བྱེད་སྒོ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཁར། མང་ཚོགས་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ལ་འཛིན་པའི་ལྟ་སྟངས་གསལ་རྟོགས་ཀྱང་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་ནུས་པ་ཡག་པོ་སྤྱད་དེ་ལག་ལེན་གསར་གཏོད་ཀྱི་བྱེད་སྒོ་དང་མང་ཚོགས་ཀྱི་དགོས་མཁོ་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། སྐྱོན་བྲལ་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་དགོས་ཞེས་གསུངས་པ་རེད།

    ལྷ་ས་དགེ་འོས་མཐོ་རིམ་ཆེད་སྦྱོང་ཚན་ཁག་གི་སློབ་གྲྭར་བརྟག་ཞིབ་གནང་སྐབས་དབང་ཧའེ་ཀྲོའུ་དང་བཅས་པས་སློབ་གྲྭའི་དཔེ་མཛོད་ཁང་དང་ཀུན་སྤྱོད་སློབ་གསོ་ཁང་སོགས་སུ་ལྟ་ཞིབ་གནང་བ་རེད། ཁོང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། རྒྱལ་གཅེས་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། མི་རིགས་མཐུན་སྒྲིལ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔའི”སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་ཕུལ་བྱུང་གི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།