ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གཞིར་བཟུང་། ཚེས་29ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་བཞི་པ་དང་། ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགུ་པའི་ཚེས་དགུའི་དུས་ཆེན་འཆར་ཉེའི་སྐབས་སུ་རྒན་རྒོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་།“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་བཞི་པ་འཆར་ཉེའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་ནོར་སྲིད་གཞུང་དོན་ཁང་གི《དཔལ་འབྱོར་གྱི་གནས་ཚུལ》ཐོག་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབྱང་ཧྲའོ་རིག་གནས་ཤེས་རྟོགས་དང་ཀྲུང་གོའི་དེང་རབས་གནའ་རྫས་རྟོག་ཞིབ་རིག་པ་དར་ནས་ལོ་ངོ་100འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བཅས་གནང་བ་དང་འབྲེལ་ཡོད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་སྟོབས་ཤུགས་སྤྱི་འདོམས་དང་འཆར་འགོད་ཡག་པོ་བྱས་ཏེ། བོད་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་ཁྱབ་ཚད་དང་། མཉམ་འདྲེས་ཐུབ་ཚད། བདེ་འཇགས་ཐུབ་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་བཅའ་ཁྲིམས་ལྟ་སྐུལ་དང་ལས་དོན་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དབར་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལས་དོན་ཁག་གིས་མི་དམངས་ཀྱི་ཁེ་ཕན་སྔར་བས་ལེགས་པར་མཚོན་པ་དང་། མི་དམངས་ཀྱི་རེ་འདོད་མཚོན་པ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་ཧུར་ཐག་གཏོང་དགོས་པ། སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་དམངས་འཚོ་ལེགས་གཏོང་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། “མཐའ་ཚད་དང་དམར་ཐིག”ནན་སྲུང་གིས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་དགོས། རྒན་རྒོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཞིབ་འཇུག་ནན་ཏན་བྱས་ཏེ། རྒན་གསོ་དང་། བུ་བཅོལ། ཞབས་ཞུ་བཅས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་གྲོང་གསེབ་དར་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་སྟངས་འཛིན་ཡག་པོ་བྱས་ཏེ། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་མཐའ་ཚད་བརྟན་པོ་སྲུང་བ་དང་། དར་རྒྱས་ཀྱི་སྒུལ་ནུས་གཅིག་ཏུ་འགྲིལ་བ། ཐོན་འཕར་འབབ་འཕར་ཡོང་བར་སྐུལ་ཁྲིད་བཅས་བྱེད་པ། གློག་ཤུགས་མཁོ་འདོན་འགན་ལེན་ཡག་པོ་བྱེད་པ་དང་གློག་སྤྱོད་གྲོན་ཆུང་དར་སྤེལ་བཏང་ནས་དམངས་འཚོའི་གློག་སྤྱོད་དགོས་མཁོ་འགན་ལེན་བྱེད་དགོས། གནའ་རྫས་རྟོག་ཞིབ་ལས་དོན་དང་ལོ་རྒྱུས་ཞིབ་འཇུག་དང་འཆད་འགྲེལ་ལ་ཤུགས་སྣོན་བརྒྱབ་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་ཐོན་ཁུངས་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།
ཚོགས་འདུའི་ཐོག སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་དང་གཙང་པོ་དང་ཆུ་བོའི་ཆུ་འགོ་སྲུང་སྐྱོང་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ངོས་འཛིན་ཆེར་གཏོང་དང་། དོན་འཁྱོལ་དམ་འཛིན། དོ་དམ་ནན་པོ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དང་། གཙང་པོ་དང་ཆུ་བོའི་ཆུ་འགོ་སྲུང་སྐྱོང་གི“བྱ་སྤྱོད་ཆེན་པོ་གསུམ”དང“འདུ་འགོད་ཁག་དགུ”ལ་དམ་འཛིན་ཡག་པོ་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ཤུགས་ཆེན་བཏོད་ནས། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ་བསྟན་པ་རེད།
ཚོགས་འདུའི་ཐོག རང་ལྗོངས་ཀྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་དུས་མཚམས་རྗེས་མའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད། ལོ་འགོའི་དམིགས་ཚད་བླང་བྱར་དམ་པོར་དམིགས་པ་དང་། འགག་སྒྲོལ་དཀའ་སེལ་ལ་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། བཀོད་གཏོང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་འཛུགས་སྐྲུན་དོ་དམ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་དང་། རིམས་འགོག བདེ་འཇགས་ཐོན་སྐྱེད་བཅས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་པ་བསྟན་པ་རེད།