དབུ་ཤོག>སྲིད་དོན།
  • བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་གྲལ་དུ་ཧུར་ཐག་སྐྱོད་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-10-30

    1237697_yis_1635523200000_s.jpg

    ཟླ་10ཚེས་26ནས་28ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

    1237699_yis_1635523200000_s.jpg

    ཟླ་10ཚེས་26ནས་28ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ཡུལ་སྨད་ཤང་དམག་དཔུང་དང་ས་གནས་སློབ་གྲྭར་གཞི་རིམ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ། 

    ཟླ་10ཚེས་26ནས་28ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷོ་ཁ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་ནས་ཡར་ཀླུང་གཙང་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་ལས་དོན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཚན་རྩལ་བོད་སྐྱོར། ཐོན་ལས་བོད་སྐྱོར། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། མཐའ་མཚམས་བརྟན་སྲུང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་འབྲེལ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་སྟེ་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འགོད་ཇུས་འདོན་གནང་བ་དང་། ལྷག་པར་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ནས་གསུང་བཤད་གལ་ཆེན་གནང་སྟེ་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་བོད་ཀྱི་ལས་དོན་གྱི“རྩ་འཛིན”དང“བླ་སྲོག”ཏུ་བརྩིས་ཏེ། ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་དང་རང་སྐྱོང་ལྗོངས་ཀྱི་སྤྱི་ཡོངས་ཀྱི་ལས་དོན་ཁྲོད་བཞག་ནས་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་གྲལ་དུ་ཧུར་ཐག་སྐྱོད་དགོས་ཞེས་གསུངས་པ་རེད།

    སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དང་ཁེ་གསུམ་གྲོང་ཚོར་ཝང་ཅུན་ཀྲེང་གིས་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་གྲོང་ཚོའི་བཤམས་སྟོན་ཁང་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས་སྤྱད་དེ་མང་ཚོགས་ཀྱིས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དངོས་འབྲེལ་ཁོང་དུ་ཆུད་པར་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་དང་ངར་ཤུགས་འཕེལ་བ་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་རང་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་གསོན་ཉམས་ལྡན་པའི་སློབ་གཞིར་བརྩི་བ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་པ་དང་། བརྩེ་བ་ཟབ་མོ་འཆང་བཞིན་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ལྕགས་ལ་ཤུར་ཐོན་པ་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་གནད་དོན་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་ཆེ་བ་བཅས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྣེ་གདོང་ཆུས་ཐེར་མ་མི་རིགས་ལག་ཤེས་བསླས་འཐག་ཆེད་ལས་མཉམ་ལས་ཁང་དང་། བོད་ལྗོངས་ཧུང་ནུང་བོད་བྱ་གསོ་ཚགས་རྟེན་གཞི། ལྷུན་རྩེ་རྫོང་གནམ་ཐང་། ལྷུན་རྩེ་རྫོང་བོད་ཕག་གསོ་ཚགས་རྟེན་གཞི། ཟངས་རི་རྫོང་དྭགས་པོ་ཆུ་ཤུགས་གློག་ཁང་བཅས་སུ་ཝང་ཅུན་ཀྲེང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། ཁེ་ལས་གཉེར་སྐྱོང་དོ་དམ། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོཌ་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བྱེད་ཐབས་སྤྱོད་པ་བཅས་བྱས་ཏེ་རོགས་སྐྱོར་ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་སྤེལ་དགོས། རྨང་གཞིའི་སྒྲིག་བཀོད་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། ཆུ་གློག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་འཚོའི་འདུ་འགོད་འཛུགས་སྐྲུན་ཡག་པོ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་དང་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུར་ཤུགས་སྣོན་ཧུར་ཐག་རྒྱག་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་སྲ་བརྟན་དུ་གཏོང་བ། གསར་དར་ཐོན་ལས་གང་མགྱོགས་སྐྱེད་སྲིང་བྱེད་པ། མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ལྡན་པ་དང་འབྱུང་འགྱུར་གསོན་ཤུགས་ཀྱིས་ཁེངས་པ་བཅས་བྱེད་དགོས། ཕྱི་ནང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་བོད་སྐྱོར་དང་ཐོན་ལས་བོད་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་གྲས་དང་འགྱུར་ལྡོག་ཆེ་བའི་ཁྲོམ་ར་ཆེན་པོ་ཟུང་འབྲེལ་དམ་ཟབ་བྱེད་པ། སྲོལ་རྒྱུན་གྱི་ཐོན་སྐྱེད་དེང་རབས་ཅན་གྱི་ཐོན་སྐྱེད་ལ་བསྒྱུར་བ་བཅས་བྱས་ཏེ་བོད་ཀྱི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ནམ་མཁའ་གཡའ་དག་ཅིང་ཆུ་མོ་དྭངས་བ་དང་གང་སར་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་ཡོད། ཝང་ཅུན་ཀྲེང་གྲ་ནང་ཟམ་ཆེན་གྱི་ཟམ་སྣེར་ཕེབས་ནས་ཡར་ཀླུང་གཙང་པོའི་བྱེ་ས་བཅོས་སྐྱོང་དང་། ཤིང་འཛུགས་ནགས་བཟོ། དཔལ་འབྱོར་ནགས་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ནན་ཏན་ངང་གསན་ཞིང་། ཁོང་གིས་བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་སྔོ་ཞིང་དྭངས་པའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། སྔོན་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་། རི་ཆུ་ནགས་ཞིང་དང་། མཚོ། རྩྭ་ཐང་། བྱེ་ཐང་། འཁྱགས་ས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཙང་པོ་དང་ཆུ་བོ་གལ་ཆེན་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ། ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་བྱེད་རྒྱུར་སྤྱི་འདོམས་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། སྐབས་རེ་རེ་བཞིན་དང་མི་རབས་ནས་མི་རབས་བར་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན། དུས་རབས་གསར་པའི་རླབས་ཆེན་རྒྱང་སྐྱོད་ཀྱི་ལམ་བུར་དེ་སྔའི“མི་གསུམ་ཤང”དུ་གྲགས་པའི་ཡུལ་སྨད་འདི་ཉིད་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་ཤང་དུ་བསྐྲུན་ཟིན་ནས་ཡུལ་མི་ཚོའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད། ས་སྲོས་སུ་ཡུལ་སྨད་དུ་ཆར་པ་སིམ་སིམ་བབས་པས་གྲང་ངར་ཆེ་ཙམ་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས་ལོ་4འཁོར་བའི་མཚམས་འདིར། ཝང་ཅུན་ཀྲེང་ཆེད་མངགས་འདི་གར་ཕེབས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་རེད། ཁོང་གིས་ཡུལ་སྨད་ཤང་འཕྲོད་བསྟེན་ཁང་དང་ཡུལ་སྨད་ཤང་དམག་དཔུང་དང་ས་གནས་སློབ་གྲྭར་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོ་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁྱིམ་གྱི་སྒོ་འགྲམ་དུ་ཝང་ཅུན་ཀྲེང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དབར་མཇལ་དར་བསྒྲོན་རེས་གནང་ནས“བཀྲ་ཤིས་བདེ་ལེགས”ཞུས་པ་རེད། རྒྱ་ཆེ་ལ་གཙང་སྦྲ་དོད་པའི་ཚོམས་ཆེན་ནང་དུ་བཞུགས་ཏེ་ཝང་ཅུན་ཀྲེང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག ཡུལ་སྨད་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མཁྱེན་རྗེས། ཁོང་གིས“ང་བོད་དུ་ལས་ཀ་བྱེད་པར་ཡོང་མ་ཐག་ཡིན། དེ་གོང་ནས་གཅེན་གཅུང་ཁྱེད་གཉིས་ཀྱི་གཏམ་རྒྱུད་ཐོས་མྱོང་ཡོད། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་རིང་ཆེད་མངགས་ཁྱེད་ཚོར་ལྟ་བར་ཡོང་བ་ཡིན། ཁྱེད་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་རིན་ཆེན་པོ་འདུག་ལ། ཁྱེད་ཚོས་མཐའ་སྲུང་སྲ་བརྟན་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན”ཞེས་གསུངས་པ་རེད། ཁོང་གིས་ལོ་4གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ཡོད། དེ་ནི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཚུད་པའི་རྒྱ་ཆེའི་མཐའ་མཚམས་མང་ཚོགས་ལ་ཁས་ལེན་དང་སྐུལ་ལྕག་གནང་བ་ཞིག་རེད་ལ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་རེ་དང་སྐུལ་ལྕག་གནང་བ་ཞིག་ཀྱང་རེད་ཅེས་གསུངས་ཤིང་། ཝང་ཅུན་ཀྲེང་གིས་ཚང་མར་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་མཛད་རྗེས་ལ་བརྟེན་ནས་མི་དེ་བས་མང་བར་སློབ་གསོ་གཏོང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་དྲིལ་བསྒྲགས་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱེད་པ་དང་། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུར་བརྩོན་ལེན་བྱེད་པ། མཐའ་དར་བརྟན་སྲུང་གི་འགན་འཁྲི་ཕྲག་ཏུ་འཁུར་བ་བཅས་བྱེད་པའི་ཐུགས་རེ་གནང་བ་རེད། དེ་རྗེས་ཝང་ཅུན་ཀྲེང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་མཉམ་དུ་རྒྱལ་དར་འོག་དྲན་རྟེན་སྐུ་པར་བསྐྱོན་པ་རེད། དམར་མདངས་བཀྲ་བའི་རྒྱལ་དར་གངས་རིའི་མདུན་དུ་ལྷག་པར་མཛེས། ལྷག་བསམ་ཟོལ་མེད་སེམས་པ་ཡུལ་སྨད་ཕྱོགས་ནས་མངོན། དེ་གར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ཚོར་སེམས་འགུལ་ཟབ་མོ་ཐེབས་ནས། ཚང་མས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་འདོན་སྤེལ་ཡག་པོ་བྱས་ཏེ་རྐང་འོག་གི་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་ཡག་པོ་བྱས་ནས་གངས་ལྗོངས་མཐའ་མཚམས་སུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་གསན་ནས་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློར་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པ་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ། “སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ཚད་གཞི་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་འཛུགས་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ལས་བྱེད་པའི“དམིགས་བསལ་བཞིའི”མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས། གཞི་རིམ་ཏང་རྩ་འཛུགས་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ལ་འཛུགས་སྐྱོང་བྱེད་དགོས། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་ལྷོད་མེད་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་འཛིན་པ། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་གོང་བུ་བཞིན་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བཅས་བྱས་ནས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འགྲིམ་འགྲུལ་འཕེལ་རྒྱས་གཏོང་བ། “ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལ་མཐུན་སྒྲིལ་གྱི་ལམ་བུ་དང་བདེ་སྐྱིད་ལམ་བུ་དེ་བས་མང་བ་སྐྲུན་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་མཐའ་གཅིག་ཏུ་བྱེད་པ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་སེམས་ནང་འཇོག་པ། དམངས་འཚོའི་ཕན་བདེ་མང་ཙམ་སྒྲུབ་པ་དང་དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་བ་བཅས་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་དགོས། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གཞི་རྟེན་དང་དམ་འཛིན་བྱ་གཞི་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་བོད་དམག་ཁུལ་ཁང་གི་དེ་སྔའི་སི་ལིང་ཡོན་ཀྲང་ཀུའེ་རུང་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་གཟིགས་པ་དང་འབྲེལ་མཐའ་སྲུང་གི་འཐབ་ས་དང་པོའི་དཔོན་དམག་ཚོར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།