དབུ་ཤོག>སྲིད་དོན།
  • ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-29

    ཚེས་26ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་གསར་པའི་འཛུགས་སྐྲུན་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས་བོད་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རེན་ཝུའེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཅང་ཅེས། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི་རེས་སྐོར་གསར་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་རླུང་ཕྱོགས་སྟོན་རྟགས་ཤིག་ཡིན་ལ། དེ་བས་གྲོང་ཁྱེར་གྱི་ནུས་རིམ་མཐོ་རུ་དང་ལྟེ་བའི་འགྲན་རྩོད་ནུས་པ་གནས་ས་ཞིག་ཀྱང་རེད། རིམ་ཁག་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་གསར་པའི་རྣམ་གྲངས་འཛུགས་སྐྲུན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས“རྨང་གཞིའི་སྒྲིག་བཀོད་གསར་པ”ཚད་བརྒལ་ཡོང་གཞིར་བྱས་ཏེ་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་གཏོང་དགོས། བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་ལས་ཀ་བྱེད་སྟངས་གསར་གཏོད་བྱེད་པ་དང་། “ཕྱིར་སྐྱོད་པ”དང“ནང་དུ་འདྲེན་པ”གཉིས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་རྩེ་རིམ་ཇུས་འགོད་དང་སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྱོང་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་གོ་སྐབས་ནུས་ཤུགས་ཡོད་རྒུས་བཏོད་དེ་འཕེལ་རྒྱས་ཀྱི་རང་འགུལ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཅང་ཅེས། ལྗོངས་ཕྱིའི་སྔོན་ཐོན་ཞིང་ཆེན་དང་གྲོང་ཁྱེར་གྱི་འཕེལ་རྒྱས་ཉམས་མྱོང་བསྡུ་ལེན་གང་ལེགས་བྱས་ཏེ་རྒྱལ་ཁབ་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་ནང་རང་འགུལ་ངང་མཉམ་འདྲེས་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ངེས་གནས་ཡང་དག་འཚོལ་བ་དང་བྱས་རྗེས་ཧུར་ཐག་བཞག་ནས་འཆར་འགོད་ཇུས་གཞི་སྔར་བས་འཐུས་སྒོ་ཚང་དུ་དང་ལེགས་སུ་གཏོང་དགོས། ཚོང་འགུག་མ་འདྲེན་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་གྲངས་གཞི་ཆེ་མོའི་སྣེ་འདྲེན་ཁེ་ལས་དེ་བས་མང་བ་ནང་འདྲེན་བྱས་ནས་རང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་དང་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས། “བེད་སྤྱོད”ཐད་འབད་བརྩོན་བྱས་ཏེ་ལས་རིགས་ཀྱི་འཐབ་ས་དང་པོར་སྐྱོད་པ་དང་5Gབཀོལ་སྤྱོད་བྱེད་ས་སྔོག་འདོན་བྱས་ནས་སེམས་ནུས་གཅིག་སྡུད་ཀྱིས་དཔེ་མཚོན་གྱི་དཔེ་སྟོན་རྣམ་པ་འགའ་ཞིག་སྐྱེད་སྲིང་བྱེད་པ་དང་། གནས་ཀྱིས་ཁྱོན་ཁྲིད་པ་དང་བེད་སྤྱོད་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་བརྒལ་གསར་པ་འཚོལ་ཞིབ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།