དབུ་ཤོག>སྲིད་དོན།
  • ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-10-29

    ཟླ་10ཚེས་25ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བོད་ཀྱི་ལས་དོན་གྱི་ཕྱོགས་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་ལས་དོན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ཐོག་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དེ་མཁས་མཛངས་ལྡན་ལ་ཡང་དག་པ་ཞིག་ཡིན་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་མཁས་མཛངས་ལྡན་ལ་ཡང་དག་པ་ཞིག་ཡིན་པས་བོད་ཀྱི་དོན་དངོས་དང་རྦད་དེ་མཐུན་ནས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་པའི“རྩ་གནད”དང“བླ་སྲོག”ལྟ་བུ་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱས་ནས་ཚད་མཐོའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ཏེ་དངོས་ཐོག་བདེན་འཚོལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    རྒྱུན་སྲིང་ལྷོད་མེད་ངང་བརྟན་ལྷིང་ལ་དམ་འཛིན་བྱེད་དགོས་ཤིང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། བཅོས་སྐྱོང་གི་ནུས་པ་དང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ཞི་མཐུན་དང་བརྟན་ལྷིང་གི་སྤྱི་ཚོགས་རྣམ་པར་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་འགྲུབ་པར་བྱེད་དགོས། ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་བོད་སྐྱོང་གི་བསམ་བློའི་རྨང་གཞི་བརྟན་དུ་ཏན་ཏིག་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་། “ཁྲིད་སྟོན”ཐད་མུ་མཐུད་ཤུགས་སྣོན་རྒྱག་པ། བོད་རྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བཅས་བྱེད་དགོས།

    རྒྱུན་སྲིང་ལྷོད་མེད་ངང་འཕེལ་རྒྱས་ལ་དམ་འཛིན་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་བྱེད་པ། མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་ལ་དམ་པོར་དམིགས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། དབུལ་སྒྲོལ་མང་ཚོགས་དབུལ་པོ་བསྐྱར་ལོག་ལ་སྔོན་འགོག་ནུས་ལྡན་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་བཏང་ནས་མང་ཚོགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་མཐུན་སྒྲིལ་ལམ་བུ་དང་བདེ་སྐྱིད་ལམ་བུ་སྔར་ལས་མང་བ་སྐྲུན་དགོས། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་ཆེ་རུ་གཏོང་དགོས། ནང་ངོས་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཕྱི་ཕྱོགས་ཀྱིས་བོད་དེ་བས་ཤེས་རྟོགས་ཐུབ་པར་བྱས་ཏེ་བོད་འདི་ཉིད་དེ་བས་ལེགས་པའི་སྒོ་ནས་འཛམ་གླིང་ཐོག་སྐྱོད་ཐུབ་པ་བྱེད་དགོས།

    རྒྱུན་སྲིང་ལྷོད་མེད་ངང་སྐྱེ་ཁམས་ལ་དམ་འཛིན་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི”མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ནས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་གཏོད་དགོས། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ལས་དོན་ལ་མུ་མཐུད་གཞོགས་འདེགས་བྱས་ནས་ཡག་པོ་སྒྲུབ་དགོས། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། ཤིང་འཛུགས་རྩྭ་འདེབས་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ཤུགས་ཆེན་སྤེལ་བ། སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བཅས་བྱས་ཏེ་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཁྲོད་ནས་ཕན་པ་དངོས་ཐོབ་པ་བྱེད་དགོས།

    རྒྱུན་སྲིང་ལྷོད་མེད་ངང་མཐའ་སྟོབས་ལ་དམ་འཛིན་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དམག་དཔུང་འདུས་སྡོད་དང་དམངས་བདེ་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་སྟེ་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་དགོས། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། མི་རིགས་ཁག་གི་མང་ཚོགས་མཐའ་མཚམས་སུ་གཞིས་ཆགས་རྒྱུར་སྐུལ་ལྕག་བཅས་བྱས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུའི་བརྩོན་ལེན་བྱེད་དགོས།

    ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་ཤིང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཏང་འཛུགས་སྐྱོང་བྱེད་རིང་མིག་དཔེའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུར་སྣེ་འཁྲིད་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ། དེའི་ནང་འདུས་པའི་མར་ཁེ་སི་རིང་ལུགས་ཀྱི་བསམ་བློ་དང་། ལངས་ཕྱོགས། ལྟ་བ། བྱ་ཐབས་བཅས་ཁོང་དུ་ཆུད་པར་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་སྡེ་ཚན་དེ་གའི་ལས་དོན་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྣེ་འཁྲིད་དེ་འགན་འཁྲི་ཆེན་པོ་དང་ནུས་ལྡན་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཐབས་ཇུས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པ་དང་། ལག་བསྟར་མཐའ་གཅིག་ཏུ་དང་ནུས་ལྡན། དོན་འཁྱོལ་ཁྲིམས་མཐུན་དང་ལས་ཕྱོད་ཆེ་བ་བཅས་ཡོང་བར་བྱེད་དགོས། སྣེ་འཁྲིད་དེ་རང་དཔེ་གཞན་སྟོན་གྱིས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་རིམ་ཁག་ཚན་ཁག་གི་ཁོངས་མིས་གོང་གིས་འོག་ལ་སྣེ་ཁྲིད་དང་རང་དཔེ་གཞན་སྟོན་དང་། སྣེ་འཁྲིད་དེ་སློབ་སྦྱོང་ལ་ཤུགས་སྣོན་དང་རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་མཐོར་གཏོང་། སྣེ་འཁྲིད་དེ་ཆབ་སྲིད་ལ་སྣང་ཆེན་དང་སྒྲིག་ལམ་ལ་སྣང་ཆེན། སྣེ་འཁྲིད་དེ་ཏང་གི་སྒྲིག་ཁྲིམས་ནན་གཏོང་། སྣེ་འཁྲིད་དེ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་མིག་དཔེ་སྟོན་དགོས། སྣེ་འཁྲིད་དེ་སྟོན་ཕྱོགས་གསལ་པོའི་སྒོ་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ལས་བྱེད་པའི“དམིགས་བསལ་བཞིའི”མཛུབ་སྟོན་གལ་ཆེན་ལ་ནན་ཏན་ངང་གཞིགས་ནས། འཇོན་ཐང་ལ་བལྟས་ནས་ལས་བྱེད་པ་སྤྱོད་པ་དང་བྱས་རྗེས་དངོས་ལ་བརྟེན་ནས་དཔའ་བོ་གླེང་བ་དང་། ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ། མི་སྣ་འདེམས་སྤྱོད་ཀྱི་མཐོང་རྒྱ་དང་ཐབས་ལམ་རྒྱ་ཆེར་གཏོང་བ། གཞི་རིམ་གྱི་འཐབ་ས་དང་པོར་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། སྦྱོང་བརྡར། བཀོལ་སྤྱོད་བཅས་བྱ་རྒྱུར་སྣང་ཆེན་བྱས་ནས་བྱས་རྗེས་འཇོག་འདོད་པ་དང་། བྱས་རྗེས་འཇོག་ཐུབ་པ། བྱས་རྗེས་འཇོག་མཁས་པ་བཅས་ཀྱི་ལས་བྱེད་པ་དེ་བས་མང་བ་འགོ་ཁྲིད་ལས་བྱེད་པའི་དཔུང་ཁག་ནང་བདམས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱེད་དགོས། སྣེ་འཁྲིད་དེ་སྒྲིག་ཁྲིམས་ནན་པོར་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་རིམ་ཁག་ཏང་ཨུད་ཀྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ། དམ་ནན་གྱི་དགོངས་གཞི་གཙོ་བོ་ཡུན་རིང་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་མུ་མཐུད་གཏོད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་མངོན་གསལ་དོད་པ། ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བཅས་བྱས་ཏེ། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་པ་དང་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་དུས་རབས་གསར་པའི་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་ལ་ནུས་ལྡན་གྱི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།