ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་པེ་ཅིང་དུ་ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཐང་རེན་ཅན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་དོ་དམ་ཨུ་ལྷན་གྱི་ཏང་ཨུད་ཧྲུའུ་ཅི་ཀྲུའུ་རེན་ཧའོ་ཕུང་། ཤིན་ཧྭ་གསར་འགྱུར་ཁང་གི་ཧྲི་ཀྲང་ཧོ་ཕིང་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཧྥུའུ་ཧྭ། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཀོན་ཀྲི་ཨོའུ། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་བཞིན་པའི་ཝང་ཀྲེང་ཕུའུ་བཅས་པ་དང་ངོ་བཅར་མཇལ་འཛོམས་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་ལ་འབྲེལ་གཏུག་དང་འབྲེལ་མཐུད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་དང་ཚན་པས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཡན་ཅིན་ཧའེ་ཡིས་མི་རིང་བའི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ལས་དོན་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་གནང་བ་རེད།
བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ད་ལྟ་ལྟར་དགའ་སྤྲོ་དཔག་མེད་དང་སྤྲོ་སེམས་རབ་ཏུ་འཕེལ་མྱོང་མེད་ལ། ད་ལྟ་ལྟར་སྤོབས་པ་ཆེན་པོ་དང་དཔའ་ངར་ཆེན་པོ་སྐྱེས་མྱོང་མེད། མིག་སྔར། བོད་འདི་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་བསྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སླེབས་ཡོད། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་དགོས་ཀྱི་ཡོད་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཚན་པའི་ཐུགས་ཁུར་མཛུབ་ཁྲིད་དང་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་ཀྱང་མེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཚན་པས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ཐོན་ལས་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་སྤྱི་གླིང་འཛུགས་སྐྲུན་བྱེད་པ། ཤེས་ལྡན་པའི་རིག་ནུས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དེ་བཞིན་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་བྱེད་པ་སོགས་ཐད་མཛུབ་ཁྲིད་དང་རྒྱབ་སྐྱོར་དེ་བས་མང་བ་བྱ་རྒྱུའི་རེ་བ་སྙིང་དབུས་ནས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
བཞུགས་མོལ་གནང་རིང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཚན་པ་ཁག་གི་འགོ་ཁྲིད་དང་བློ་མཐུན་གཙོ་བོས་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་དང་བོད་ཀྱིས་བཏོན་པའི་འབྲེལ་ཡོད་རེ་ཞུ་དང་རྒྱབ་སྐྱོར་གྱི་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་བརྡ་ལན་བསློགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་དང་། སྲིད་ཇུས་དང་། རྣམ་གྲངས། མ་དངུལ། ཤེས་ལྡན་པ་སོགས་ཐད་གཟིགས་སྐྱོང་དང་ལྟ་རྟོག་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།