ཚེས་22ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་གིས་ལྷ་ས་གྲོང་ཁྱེར་དུ་སྐོར་ཞིབ་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་བ་དང་སྐོར་ཞིབ་ལས་དོན་གཞུང་ལས་ཁང་དུ་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། འབྲེལ་ཡོད་ལས་དོན་གྱི་སྙན་ཞུའང་གསན་པ་རེད།
ཝང་ཝུའེ་ཏུང་གིས་ལོ་ལྔའི་རིང་། ལྷ་ས་གྲོང་ཨུད་ཀྱི་སྐོར་ཞིབ་ལས་ཁུངས་ཀྱིས་གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཆབ་སྲིད་ཀྱི་སྐོར་ཞིབ་ངེས་གནས་བརྟན་སྲུང་དང་། ཚད་ལྡན་ཅན་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན། ལས་དོན་སྤེལ་སྟངས་ཟམ་མི་ཆད་པར་གསར་གཏོད། སྐབས་འདིའི་གྲོང་ཨུད་ཀྱི་འགན་འཁུར་རིང་སྐོར་ཞིབ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པའི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བཅས་བྱས་པ་ལས་སྤུ་གྲིའི་ནུས་པ་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ལྗོངས་ཡོངས་ཀྱི་རིམ་ཁག་སྐོར་ཞིབ་ལས་ཁུངས་ཀྱིས་སྐོར་གཟིགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རྒྱུན་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་ཁོང་དུ་ཡང་དག་ཆུད་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན”གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་པ། ཆབ་སྲིད་དང་ལས་སྒོ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་དང་རུལ་སུངས་ལ་ངོ་རྒོལ། ལྟ་སྐུལ་དང་ཡིད་ཆེས་བཅས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ། སྐོར་ཞིབ་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཝུའེ་ཏུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྐོར་ཞིབ་ལས་ཁུངས་ཀྱིས“སྲུང་སྐྱོང་གཉིས”རྩ་བའི་ཆབ་སྲིད་ཀྱི་ལས་འགན་དུ་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲིར་ལྟ་སྐུལ་བྱ་རྒྱུ་དོན་ལ་བབས་སར་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཤུགས་རྒྱག་སར་བྱེད་པ་བཅས་བྱས་ཏེ་ལས་སྒོའི་གནད་དོན་བརྒྱུད་ཆབ་སྲིད་ཀྱི་ནོར་འཛོལ་འཚོལ་ཞིབ་ནུས་ལྡན་བྱས་ནས་སྐོར་ཞིབ་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་པ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ཀྱི་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་ལ་དམིགས་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམིགས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་དམིགས་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་དང་ཏན་ཏིག་བྱེད་དགོས་པ། འབྲེལ་གཏུག་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། རྒྱུན་གཏན་དང་དམིགས་བསལ་དུ་ཟུང་འབྲེལ་གྱི་སྐོར་ཞིབ་ལས་དོན་གྱི་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་བྱེད་པ་འདེམས་སྤྱོད་ཐད་དམ་འཛིན་ནན་པོས་སྐོར་ཞིབ་ལས་བྱེད་པའི་དཔུང་ཁག་གི་རྨང་གཞི་བརྟན་དུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།