རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཚེས་21ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་མིག་སྔའི་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་སླར་ཡང་སྐུལ་སློང་དང་སླར་ཡང་བཀོད་སྒྲིག་གནང་ཞིང་། ཁོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་ལམ་སྲོལ་ལས་དོན་གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མཐའ་ཚད་ཀྱི་བསམ་གཞིག་ཤུགས་ཆེར་གཏོང་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ད་ཐེངས་རྒྱལ་ནང་དུ་རིམས་ནད་ཐོན་ཚུན། འགོས་ཁྱབ་སྦྲེལ་ཐག་རྒྱུན་ཆད་མེད་པར་རིང་དུ་དང་འགོས་ཁྱབ་མྱུར་ཚད་ཧ་ཅང་མགྱོགས་པས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་པོ་ཡོད། གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ད་ཐེངས་ཀྱི་རིམས་ནད་ཀྱི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཉེན་ཁའི་ཚོར་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་རིམས་ནད་ཕྱི་ནས་འགོ་བར་གཏན་འགོག་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། གཙོ་གནད་མི་ཚོགས་ལ་དམ་པོར་དམིགས་ཏེ་ཚ་བ་ལྟ་བ་དང་། རྩ་གཉིས་ཨང་རྟགས་བཤེར་བ། དུག་སེལ་བྱེད་པ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཡུལ་སྐོར་དང་། འགྲིམ་འགྲུལ། དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ་སོགས་སྡེ་ཚན་གྱིས་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་བོད་དུ་ཡོང་སའི་འགག་སྒོ་ནན་པོ་སྲུང་དགོས། ཚོགས་འདུ་དང་། བྱེད་སྒོ འཁྲབ་སྟོན་སོགས་ལ་ཞིབ་བཤེར་དང་ལྟ་འདོམས་མུ་མཐུད་ཡག་པོ་བྱེད་པ་དང་། ཡུལ་སྐོར་ལས་རིགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་རིམས་ནད་ཕྱི་ནས་མི་གཅིག་ལའང་མ་འགོས་པ་དང་ཕྱི་ནས་ཡོང་མཁན་མི་སྣ་གཅིག་དང་ཐུག་རེག་མི་བྱེད་པའི་འགན་ལེན་བྱེད་དགོས། ལས་དོན་ཁག་གི་ཇུས་གཞིའི་སྔོན་ཇུས་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ། ལས་མི་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་དང་ལོགས་འཇོག་དོ་དམ་ཚོད་འཛིན་སོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས་རིམས་ནད་ལ་ཁ་གཏད་གཅོག་ནུས་ཆེ་རུ་ཏན་ཏིག་གཏོང་དགོས། འཐབ་ས་དང་པོར་བསྐྱོད་དེ་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྔ་ཙམ་དང་ཆུང་ཙག་ནས་དམ་འཛིན་དང་། ཐོན་མ་ཐག་པའི་གནད་དོན་ལ་དམ་འཛིན། ཉམས་ཞན་ལྷུ་ཚིགས་ལ་དམ་འཛིན་བཅས་བྱ་རྒྱུར་གཞི་ཚུགས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྐྱོན་ཆ་མཐའ་གཅིག་ཏུ་སེལ་དགོས། ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“མཐའ་མའི་འགག་གནད”ལ་དོ་ཁུར་དམ་ཟབ་བྱེད་པ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ་གནད་སྨིན་སྔོན་འགོག་ཚོད་འཛིན་དང་དངོས་ཡོད་སྔོན་འགོག་ཚོད་འཛིན་ཏན་ཏིག་བྱས་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།