དབུ་ཤོག>སྲིད་དོན།
  • “ཚང་དགོས་པ་བཞི་དང་ཕན་འདོགས་པ་གཅིག”གི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-07

    1149188_yis_1633449600000_s.jpg

    ཚེས་4ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་དུ་ཕེབས་ནས་ས་གནས་དེ་གའི་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཞིང་འབྲོག་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་བ།

     ཚེས་4ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དང་དཔལ་འབར་རྫོང་གི་གྲོང་ཚོ་དང་གྲོང་རྡལ་དུ་ཕེབས་ནས་ལྗོངས་ཡོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད། མི་རིགས་མཐུན་སྒྲིལ་འཛུགས་གཏོད་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ངང་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན། བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། “ཚང་དགོས་པ་བཞི་དང་ཕན་འདོགས་པ་གཅིག”གི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ལས་དོན་ཐམས་ཅད་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་ཡོང་བར་དམིགས་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    ལྷོ་རོང་རྫོང་ཁང་གསར་གྲོང་རྡལ་དུ་གནས་པའི་བཞི་བཀྲམ་དགོན་གྱིས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་ཡུན་རིང་རྒྱུན་འཁྱོངས་བྱས་ཡོད། 1950ལོར་དམག་སྡེ་བཅོ་བརྒྱད་པ་བོད་དུ་དཔུང་སྐྱོད་བྱེད་སྐབས་དགོན་སྡེའི་སྤྲུལ་སྐུ་དང་མཁན་པོས་དགེ་འདུན་པ་སྒྲིག་འཛུགས་བྱས་ནས་བཅིངས་འགྲོལ་དམག་ལ་རྟ་དྲེལ་དང་འབྲུ་རིགས་བསྐྱལ་ནས་ཆབ་མདོའི་བཅིངས་འགྲོལ་བྱ་གཞག་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། དགོན་སྡེའི་རྒྱབ་རིར“རི་བོ་ཐའེ་ཧྲན་ལས་ལྕི་བ”ཞེས་འཁོད་པའི་རྡོ་རིང་ཞིག་བཙུགས་ཡོད། དེ་ནི་1959ལོར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་སྐབས་སྐུ་གཤེགས་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་54ལ་དྲན་གསོ་ཞུ་ཆེད་བཙུགས་པ་ཞིག་རེད། དགོན་སྡེའི་དགེ་འདུན་པ་ཚོས་སྲུང་སྐྱོང་ཡག་པོ་བྱས་པ་བརྒྱུད་དྲན་གསོའི་རྡོ་རིང་ད་བར་ཉར་ཚགས་ཡག་པོ་བྱུང་ཡོད།

    ཝུའུ་དབྱིང་ཅེ་བཞི་བཀྲམ་དགོན་དུ་ཕེབས་ནས་དགོན་སྡེའི་དགེ་འདུན་པ་དང་དགོན་སྡོད་ལས་བྱེད་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་སྟེ་དགོན་སྡེའི་དོ་དམ་ལས་དོན་དང“རི་བོ་ཐའེ་ཧྲན་ལས་ལྕི་བ”ཞེས་པའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་སོགས་གསར་བརྗེའི་རྗེས་ཤུལ་སྲུང་སྐྱོང་བྱས་ཚུལ་མཁྱེན་རྟོགས་གནང་བ་རེད། ཝུའུ་དབྱིང་ཅེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། འདི་ལོའི་ཟླ་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་རིང་ཆེད་མངགས་འབྲས་སྤུངས་དགོན་དུ་ཕེབས་ནས་རྒྱ་ཆེའི་དགེ་འདུན་པ་ཚོར་འཚམས་འདྲི་གནང་བ་དེ་ཐོག་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣའི་རྒྱལ་གཅེས་ཆོས་གཅེས་ཀྱི་བྱ་སྤྱོད་ལ་ཁས་ལེན་གང་ལེགས་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅིས་བོད་བརྒྱུད་ནང་བསྟན་མི་སྣར་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད། རྒྱ་ཆེའི་དགེ་འདུན་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ནན་པོ་བློ་ལ་བརྟན་པོར་ངེས་པ་དང་། “ཚད་གཞི་བཞིར”བརྩི་སྲུང་ཞུ་བ། ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན། འགྲོ་བ་ཀུན་ལ་ཕན་པ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ།

     ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ནུས་པ་བཏོན་ནས་བོད་ཡུན་རིང་བདེ་འཁོད་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་ནི་གནའ་སྔ་མོ་ནས་བཟུང་ཇ་རྟའི་ཚོང་ལམ་ཐོག་གི་གྲོང་རྡལ་གལ་ཆེན་ཞིག་ཡིན་པ་དང་བོད་རྒྱ་རིག་གནས་སྤེལ་རེས་མཉམ་འདྲེས་ཐུབ་ཡོད། ད་ཆ་ཤོ་པ་མདོ་གྲོང་རྡལ་གྱི་གྲོང་མི་མི་ཉུང་བ་ཞིག་གིས་དུས་ཆེན་སྐབས་སེང་རྩེད་དང་། དྭངས་གསལ་དུས་ཚིགས་སུ་མེས་པོར་དུར་མཆོད་བྱེད་པ། ཟླ་མཆོད་དུས་ཆེན་སྐབས་ཟླ་མཆོད་བག་ལེབ་བཟོ་བ་བཅས་ཀྱི་ཡུལ་སྲོལ་གོམས་གཤིས་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་ཞིང་འབྲོག་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་འབྲེལ། སྤྲོ་སྣང་ཆེན་པོས་ཀྲུང་ཧྭའི་རིག་གནས་ཀྱི་སྣ་མང་གཞི་གཅིག་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་སེང་རྩེད་ལ་གཟིགས་པ་རེད། ཝུའུ་དབྱིང་ཅེས་ཤོ་པ་མདོ་གྲོང་རྡལ་གྱི་སེང་རྩེད་ལས་ཀྲུང་ཧྭ་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད།

    འདི་ལོ་ལོ་62ལ་སླེབས་པའི་བུ་ཚེ་རིང་ནི་ཤོ་པ་མདོ་ཟླ་མཆོད་བག་ལེབ་བཟོ་རྩལ་གྱི་རྒྱུན་འཛིན་པ་མི་རབས་བཞི་པ་ཡིན་པ་དང་བཟའ་ཟླ་བློ་བཟང་སྒྲོལ་མ་ནི་སྐབས་དེ་དུས་དེ་གར་བཅའ་སྡོད་བྱེད་མཁན་ཆིང་དམག་གི་རྒྱུད་པ་རེད། ཝུའུ་དབྱིང་ཅེ་ཆེད་མངགས་ཁོང་ཚོའི་ཁྱིམ་དུ་ཕེབས་ནས་ཁྱིམ་ཚང་གི་མི་རྒྱུད་ཀྱི་འདས་དོན་དང་ནང་མི་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། བུ་ཚེ་རིང་གི་ཁྱིམ་དུ་ལོ་མང་སོང་བའི་དཀར་ཡོལ་དང་། རྩིས་ཁྲ། རྒྱ་མ་སོགས་བོད་རྒྱ་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་པ་མཚོན་པའི་རིག་དངོས་མང་པོ་ཉར་ཚགས་བྱས་པ་གཟིགས་སྐབས། ཝུའུ་དབྱིང་ཅེ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས། ཤོ་པ་མདོ་གྲོང་རྡལ་གྱི་ལོ་རྒྱུས་ལས་གནའ་སྔ་མོ་ནས་བཟུང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བ་ཟབ་མོ་དང་བོད་རྒྱ་མི་རིགས་དབར་གྱི་ཤ་རུས་གཅིག་པའི་འབྲེལ་བ་མངོན་ཡོད། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེར་གཞི་ཚུགས་པ་དང་ཤོ་པ་མདོ་གྲོང་རྡལ་གྱི་བོད་རྒྱ་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོར་དམིགས་ནས་འབྲེལ་ཡོད་ལོ་རྒྱུས་ཀྱི་དཔྱད་ཡིག་དང་རིག་དངོས་འཚོལ་བསྡུ་ལེགས་སྒྲིག་དང་སྲུང་སྐྱོང་འགྲེམས་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཚོས“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲག་རྒྱུན་ནང་འདྲེས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཁོང་གིས་བུ་ཚེ་རིང་གི་ནང་མི་ཚོས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་དེ་བས་མཛེས་སྡུག་ལྡན་པ་བཞད་པར་བྱ་རྒྱུའི་ལྕག་སྐུལ་གནང་བ་རེད།

    ལྷོ་རོང་རྫོང་ནོར་འཛོམས་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་ནི་རང་སྐྱོང་ལྗོངས་རིམ་པའི་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་ཤིག་ཡིན་པ་དང་རྩམ་པ་དང་། ནས་ཀྱི་ཐུག་པ། ནས་ཀྱི་ཏན་ཞིམ་སོགས་སྣ་ཁ་50ལྷག་ཙམ་ཐོན་སྐྱེད་བྱེད་ཅིང་། 2020ལོར་ཁེ་གཙང་སྒོར་ཁྲི་130བྱུང་ཡོད། ཝུའུ་དབྱིང་ཅེ་ཐོན་རྫས་འགྲེམས་སྟོན་ཁང་དང་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་བྲིན་ཚོང་དང་དབུལ་སྐྱོར་འབབ་འཕར་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཝུའུ་དབྱིང་ཅེས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཁེ་ལས་ཀྱི་སྤུས་མཐོ་ཕན་འཕར་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འབྲེལ་བ་ཐག་གཅོད་ཡང་དག་དང་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱས་ནས“ཡོད་མེད”ཐག་གཅོད་ཡག་པོ་བྱས་པའི་རྨང་གཞིའི་ཐོག“ལེགས་མིན”དང“འདང་མིན”གྱི་གནད་དོན་སྔར་བས་ཐག་གཅོད་ཡག་པོ་བྱེད་དགོས། ས་ཁོངས་ཐོན་ལས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་ཀྱི་འགྲན་རྩོད་བཟང་པོར་ཁྲིད་སྟོན་བྱེད་པ། ཞིང་འབྲོག་ལས་ཀྱི་ཕན་འཕར་དང་། ཞིང་འབྲོག་པའི་འབབ་འཕར། ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་ཞིང་ལས་དཔེ་སྟོན་རྟེན་གཞིས“ཀྲི་པུའུ་+མཉམ་ལས་ཁང་+ཚན་རྩལ་ཆེད་མངགས་པ་+ཞིང་དུད་+འགན་བཅོལ”བཅས་ཀྱི་གཉེར་སྐྱོང་བྱེད་ཐབས་སྤྱད་པར་བརྟེན་ས་གནས་དེ་གའི་སྔོ་ཚལ་དང་ཤིང་འབྲས་སྣ་ཚོགས་མཁོ་སྤྲོད་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད། ཝུའུ་དབྱིང་ཅེས་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་དང་དེ་བཞིན་མང་ཚོགས་ཀྱི་འབབ་འཕར་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཚན་རིག་དང་མཐུན་པའི་ངང་ཐོན་ལས་འཆར་འགོད་དང་། དངོས་ཐོག་བདེན་འཚོལ། ཡུལ་བབ་དང་བསྟུན་པ་བཅས་བྱས་ཏེ་ས་ཁུལ་དེར་འཚམ་པའི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་དང་ཁྱབ་གདལ་བཏང་ནས་ཐོན་སྐྱེད་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་མང་ཚོགས་རྩ་འཛུགས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་ཞིང་འབྲོག་མང་ཚོགས་དེ་བས་མང་བ་གླིང་ཁུལ་གྱི་འདེབས་འཛུགས་དང་ཕྱིར་ཚོང་སོགས་ལྷུ་ཚིགས་ཁག་ནང་ཞུགས་སུ་བཅུག་ནས་ཐག་ཉེ་ས་དང་། སྟབས་བདེ་ས། རང་ས་རང་ཡུལ་དུ་ཐོན་ལས་འཕེལ་རྒྱས་དང་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།