རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཉིས་པ་འཚོག་རིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་དམིགས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག(འཆར་ཟིན)》འཐུས་སྒོ་ཚང་དུ་བཏང་བ་དང་། ལས་ཀའི་ཉམས་མྱོང་སྤེལ་རེས། བསམ་འཆར་དང་གྲོས་འགོ་གསན་པ་བཅས་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག གཞི་རིམ་གྱི་འཐབ་ས་དང་པོ་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་18ཀྱིས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ངོས་འཛིན་དང་མྱོང་ཚོར་ལྷུག་པོར་གླེང་བ་དང་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་ནས་སྐབས་སྐབས་སུ་འཐུས་མི་དང་སྤེལ་རེས་གནང་ཞིང་། ཁོང་གིས་འཐུས་མི་ཚོའི་གཏམ་བཤད་དོ་དོ་ཏན་ཏིག་དང་། གནད་ལ་འཕིགས་པ། དོན་ཐོག་ཏུ་འཁྱོལ་བ་བཅས་ཡོད་པ་མ་ཟད། བཏོན་པའི་བསམ་འཆར་དང་གྲོས་འགོར་དམིགས་སའི་རང་བཞིན་ཆེན་པོ་ཡོད་པས་འབྲེལ་ཡོད་སྡེ་ཚན་གྱིས་ནན་ཏན་ངང་གསེད་བཀྲོལ་དང་ཞིབ་འཇུག་བྱས་ཏེ་དོན་འཁྱོལ་ལ་མཐུན་སྦྱོར་དང་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་།
མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་དང་། དཔེ་སྟོན་སྣེ་ཁྲིད། དཔེ་མཚོན་ལམ་སྟོན། སློབ་གསོ་ཁྲིད་སྟོན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཞི་རིམ་གྱི་འཐབ་ས་དང་པོར་སྐྱོད་པ། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དམངས་ཀྱི་བསམ་འཆར་ཉན་པ་དང་། དམངས་ཀྱི་བསམ་འདུན་གཅིག་ཏུ་བསྡུ་བ། དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་བརྒྱུད་བསྒྲགས་བྱེད་མཁན་ཞིག་བྱེད་དགོས། འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་གི་ཁྲིམས་འཛུགས་རྒྱབ་ལྗོངས་དང་དངོས་ཡོད་ཀྱི་དོན་སྙིང་དྲིལ་བསྒྲགས་ཧུར་ཐག་བྱེད་པ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་བཅས་དྲིལ་བསྒྲགས་བྱེད་མཁན་ཞིག་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་དམིགས་ནས་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།