ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་ཚེས་29ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་བརྙན་ལམ་ཚོགས་འདུའི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་སློབ་སྦྱོང་དང་ཉེ་དུས་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་སྦྲགས། རྒྱལ་སྟོན་རིང་གི་ལྗོངས་ཡོངས་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཚོགས་འདུར་ཞུགས་པ་དང་འབྲེལ་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
དུས་སྐབས་གོང་མའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཁས་ལེན་གང་ལེགས་གནང་རྗེས། ཀྲོང་ཡན་གྱིས་བསྟན་དོན། འདི་ལོའི་རྒྱལ་སྟོན་རིང་གི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་འགན་འཁྲི་ཆེན་པོ་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས། བརྟན་ལྷིང་སྲུང་སྐྱོང་ལས་དོན་དུས་དང་རྣམ་པ་ཀུན་ཏུ་ལས་ཀའི་ལས་འགན་ཨང་དང་པོར་བཟུང་ནས་དམ་འཛིན་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་བསྲུངས་ནས་ལྷོད་གཡེང་དང་། སྟེས་དབང་། དམག་འཐབ་ལ་སུན་སྣང་སྐྱེ་བ་སོགས་ཀྱི་བསམ་བློ་ཁྱད་དུ་བསད་དེ། ལས་དོན་ཁག་ཏན་ཏན་ཏིག་ཏིག་གིས་ཡག་པོ་བསྒྲུབས་ནས་གནད་དོན་མི་ཐོན་པ་དང་ཀྲུང་དབྱང་ལ་ལས་རྙོག་མི་བཟོ་བའི་མཐའ་ཚད་བརྟན་པོ་བསྲུངས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་དགོས།
ཀྲོང་ཡན་གྱིས་ནན་བཤད་གནང་དོན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ཐོག་རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནད་དོན་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ་བཅས་མཐའ་འཁྱོངས་བྱས་པའི་ཁར། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་ངོས་རིམ་ནས་སྔོན་འགོག་ཚོད་འཛིན་བྱེད་པ་དང་། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་འགོག་ཟོན་དང་སེལ་བ། བྱེད་སྒོ་གལ་ཆེན་རིང་གི་བདེ་འཇགས་སྲུང་སྐྱོང་བྱེད་པ། སྤྱི་པའི་བདེ་འཇགས་སོགས་ལྷུ་ཚིགས་གལ་ཆེན་ལ་དམིགས་པ་དང་། ཆོས་ལུགས་དང་། སློབ་གསོ། དམངས་འཚོ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དམ་འཛིན་འབུར་དུ་ཐོན་པ་བཅས་བྱས་ནས། བཀྲ་ཤིས་འཆམ་མཐུན་གྱི་རྣམ་པ་ཞིག་ཧུར་ཐག་གཏོད་དགོས། དུས་བདེའི་བོད་ལྗོངས་འཛུགས་སྐྱོང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་དུས་བདེ་འཛུགས་སྐྱོང་གི་ཉམས་མྱོང་གསར་པ་ཕྱོགས་སྡོམ་ཡག་པོ་བྱས་ནས་གཞི་རིམ་རྨང་གཞིའི་ལས་དོན་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ། ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། འགན་འཁྲི་དང་སྒྲིག་ཁྲིམས་ནན་དུ་བཏང་ནས་གཏོགས་ཁོངས་ཀྱི་འགན་འཁྲི་དང་། བྱེད་པོའི་འགན་འཁྲི། འགན་འཁུར་བ་ཨང་དང་པོའི་འགན་འཁྲི། ཐད་ཀའི་འགན་འཁུར་བའི་འགན་འཁྲི། སྡེ་ཚན་གྱི་འགན་འཁྲི། སྒྲིག་ཁྲིམས་ཀྱི་བླང་བྱ་བཅས་དོན་འཁྱོལ་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་ཐུབ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཡུལ་ཕྱོགས་གཅིག་དུས་བདེ་ཡོང་བར་བྱེད་པ་དང་ཡུལ་ཕྱོགས་གཅིག་གི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས།