ཚེས་25ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་གིས་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་སྒྲིག་ཨུད་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་སྐུལ་སློང་གསུང་བཤད་གནང་ཞིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དང་ཐོག་ཆབ་སྲིད་ཐད་ནས་ལྟ་བ་དང་སྒྲིག་བཤེར་ལྟ་ཞིབ་ཀྱི་འགན་འཁྲི་དང་ལས་འགན་ལ་དམིགས་ཏེ་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་སྒྲིག་ཨུད་ཧྲུའུ་ཅིའི་འགན་འཁྲི་གཙང་སྒྲུབ་ཐད་བླང་བྱ་བཏོན་གནང་བ་རེད།
ཝང་ཝུའེ་ཏུང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་། མི་དམངས་ལྟེ་བར་འཛིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས། ལྗོངས་ཡོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཛ་དྲག་དུས་བབ་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་འགན་འཁྲི་དང་ལས་འགན་བཅས་ནས་རྫོང་ཁོངས་བཅོས་སྐྱོང་ལས་དོན་དང་ལྷག་པར་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་གྱི་ཧ་ཅང་གལ་ཆེའི་རང་བཞིན་ངེས་པར་དུ་ཁོང་དུ་ཆུད་པར་བྱེད་པ་དང་། ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ་དང་སྤྱོད་གཙང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།
ཝང་ཝུའེ་ཏུང་གིས། ལྗོངས་ཡོངས་ཀྱི་རྫོང་རིམ་པའི་སྒྲིག་ཨུད་ཧྲུའུ་ཅིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཏང་ཨུད་ཀྱི་འགོ་ཁྲིད་འོག་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་དགོངས་སྐོར་དང་སྙན་ཞུ་མང་ཙམ་དང་། དྲན་སྐུལ་དང་གཞོགས་འདེགས་མང་ཙམ། རམ་འདེགས་དང་རྒྱབ་སྐྱོར་མང་ཙམ་བཅས་བྱས་ནས་གཞོགས་འདེགས་ཀྱི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ཏན་ཏིག་འཁུར་དགོས། གཞི་རིམ་གྱི་ལྟ་སྐུལ་ལ་སྐུལ་འདེད་བཏང་ནས་འགག་རྩའི་ཉུང་ཤས་དང་། རྫོང་གི་དབང་ཆ། ཤང་གི་གནས་ཚུལ། གྲོང་ཚོའི་ས་ཚིགས། ཏང་ཡོན་ལས་བྱེད་པའི་ལས་ཡུན་ཆུ་ཚོད་8དང་ལས་ཞོར་དུས་ཚོད་བཅས་ལ་དམ་པོར་དམིགས་ནས་ཆེད་དོན་ལྟ་སྐུལ་ལ་དམ་འཛིན་ཡག་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། “མི་བྱེད་པ་གསུམ”ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ། “བྱེད་མི་ཕོད་པའི”རྣམ་པ་སྲ་བརྟན་དུ་གཏོང་བ་དང་། “བྱེད་མི་རུང་བའི”ལམ་ལུགས་ཀྱི་རླུང་ཙི་དམ་དུ་གཏོང་བ། “བྱེད་མི་འདོད་པའི”བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ནས་རྩ་ལག་མཉམ་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས། སློབ་སྦྱོང་བྱེད་ཀྱིན་དུ་བརྟག་ཞིབ་དང་། ལས་ཀ ཕྱོགས་བསྡོམས་བཅས་བྱེད་པ་མཐའ་འཁྱོངས་ཀྱིས་འགན་འཁུར་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་དང་། ཚན་ཁག་དམ་འཛིན་དང་དཔུང་ཁག་སྣེ་ཁྲིད་ཡག་པོ། རང་གཅུན་རང་འདོམས་དང་མིག་དཔེ་འདོན་པ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་གཟུགས་བརྙན་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད།