དབུ་ཤོག>སྲིད་དོན།
  • ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-28

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཙུང་ལི་ལི་ཁེ་ཆང་གི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་བཀོད་སྒྲིག་བྱས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”མི་ཤུགས་ཐོན་ཁུངས་དང་སྤྱི་ཚགས་འགན་སྲུང་བྱ་གཞག་འཕེལ་རྒྱས་འཆར་འགོད་དང་། མེ་ཟོན་ལས་དོན། ཁྲིམས་ལུགས་ཁྱབ་གདལ་ལས་དོན། བེད་མེད་དུ་བཞག་པའི་གཞུང་ཁོངས་རྒྱུ་ནོར་གཅིག་སྡུད་གཅིག་གྱུར་དོ་དམ་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་སོགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་སྐོར་གྱི་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དམིགས་བསལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་གང་ལེགས་མཚོན་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་དྲིན་ཚོར་ངང་མདུན་སྐྱོད་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། འགན་འཁྲི་འཁུར་ཕོད་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། འབྲེལ་གཏུག་སྦྲེལ་མཐུད་མགྱོགས་སུ་གཏོང་བ། འགན་འཁྲི་ཁག་བགོས་ཞིབ་ཚགས་སུ་གཏོང་བ། འཕེལ་རིམ་སྙན་ཞུའི་ལམ་ལུགས་ལག་བསྟར་བཅས་བྱས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རྣམ་གྲངས་གལ་ཆེན་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་གོ་སྐབས་སུ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་བཞག་ནས་མེ་ཟོན་བདེ་འཇགས་འགན་ལེན་དང་། མེ་ཟོན་བདེ་འཇགས་དོ་དམ། མེ་སྐྱོན་གསོད་པ་དང་འཕྲལ་སྡོམ་རོགས་སྐྱོབ། མེ་ཟོན་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ལས་དོན་ཏན་ཏིག་དང་ཡག་པོ་བསྒྲུབས་ཏེ་མེ་སྐྱོན་ཚབས་ཆེན་ལ་དོགས་ཟོན་ནུས་ལྡན་བྱས་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཁྲིམས་ལྟར་བོད་སྐྱོང་གི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པ། “བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་ནན་ཏན་ངང་ཡག་པོ། བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཟབ་གཏོང་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་པར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་དང་། དུས་བདེའི་བོད་ལྗོངས་སྐྲུན་པའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་དང་བྱེད་ཐབས་དེ་ལམ་ལུགས་སུ་རིམ་སྤོར་བྱེད་པ་དང་འབྲེལ་ཡུན་རིང་ལག་བསྟར་བྱས་ཏེ། དུས་བདེའི་བོད་ལྗོངས་བསྐྲུན་རྒྱུ་དེ་ཁྲིམས་སྐྱོང་ཅན་གྱི་འགྲོ་ལམ་ཐོག་བསྐྱོད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་ལྗོངས་ཐད་གཏོགས་ལས་ཁུངས་དང་བྱ་གཞག་ཚན་པའི་བོགས་གཏོང་དང་བེད་མེད་དུ་བཞག་པའི་གཞུང་ཁོངས་རྒྱུ་ནོར་གཅིག་སྡུད་གཅིག་གྱུར་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལ་སྲུང་བརྩི་དང་ཡོངས་བསྒྲགས་ཁ་གསལ་མཐའ་འཁྱོངས་བྱེད་པ། བདག་དབང་ཁག་བགོས་དང་། དཔྱད་དཔོག་ཞུགས་པ། རྩིས་སྤྲོད་བརྗེ་བསྒྱུར་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། གཞུང་ཁོངས་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་འཕར་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།