ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཚེས་17ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི། རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་ཀྲོང་ཡན་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་མཇུག་འགྲིལ་བའི་མཛད་སྒོར་ཞུགས་པ་རེད།
སློབ་མ་ལྔ་ཡི་སྤེལ་རེས་གཏམ་བཤད་ནན་ཏན་ངང་གསན་རྗེས། ཀྲོང་ཡན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྔར་བས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པ་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་ལ་བླང་བྱ་ཁག་4བཏོན་གནང་བ་རེད།
གཅིག་ནས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ལག་ལེན་བསྟར་ནས་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བརྟན་པོ་མཐའ་འཁྱོངས་ཐུབ་པ་བྱེད་དགོས། བསམ་བློའི་ཐད་ཚད་མཐོའི་མོས་སེམས་ལྡན་པ་དང་། ཆབ་སྲིད་ཐད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྩ་འཛུགས་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ་བཅས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་གཏོང་དང་འགན་ལེན་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་ལ་རྣམ་པ་གསར་པ་གཏོད་པ་དང་ལེའུ་གསར་པ་རྩོམ་དགོས།
གཉིས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཡིན་མིན་ཆེན་པོའི་མདུན་དུ་ལངས་ཕྱོགས་ཧ་ཅང་གསལ་པོ་ཡོད་པ་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ལངས་ཕྱོགས་བརྟན་པོ་ཡོད་དགོས་པ་དང་། མཐའ་སྲུང་བདེ་འཇགས་སྲ་བརྟན་དུ་གཏོང་བའི་ཐད་བྱ་སྤྱོད་འཕྲལ་ཐག་ཆོད་པོ་དགོས། ཏང་གཤིས་ཀྱི་བླང་བྱའི་ཐད་མཐའ་ཚད་ནན་པོ་སྲུང་དགོས། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས་ཐུབ་པར་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་དེ་བས་ལེགས་པར་འཁུར་དགོས།
གསུམ་ནས་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་བྱ་སྤྱོད་ཧ་ཅང་བརྟན་པོ་ཡོད་པ་བྱེད་དགོས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི“རྩ་འཛིན”དམ་འཛིན་གྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།
བཞི་ནས་ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཟོལ་མེད་མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཕན་པ་དངོས་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་དངོས་ཀྱི་བྱེད་སྒོར་དམ་འཛིན་ཡག་པོ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བྱེད་དགོས་ལ། མི་རིགས་ཁག་གི་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས།