དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-20

     ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་18ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ། མིག་སྔའི་དུས་བབ་ལ་ཞིབ་འཇུག་དབྱེ་ཞིབ། དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད།

    ཀྲོང་ཡན་གྱིས་དུས་མཚམས་གོང་མའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཁོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་དབྱང་བདེ་འཇགས་སྲུང་སྐྱོང་ཚོགས་ཆུང་དང་འབྲེལ་ཡོད་ཕྱོགས་ཀྱི་མཛུབ་ཁྲིད་ཞིབ་ཚགས་འོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་རྒྱལ་ཁབ་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་བྱས་པས། རྦད་དེ་བདེ་འཇགས་དང་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱུང་བ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོབ་པ། བློ་ཡིད་ཚིམ་པའི་རྒྱུགས་ལན་ཕུལ་ཡོད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གོ་རིམ་ལྡན་པའི་སྒོ་ནས་ལས་ཀའི་ཉམས་མྱོང་དང་བྱེད་སྟངས་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱེད་དགོས་པ་དང་། དེ་སྔའི་དུས་མཚམས་གོང་མར་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས་ཡང་འབད་བསྐྱར་འབད་དང་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་དུས་བབ་དང་ལས་འགན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྣ་ཚོགས་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ། ཏང་དང་མི་དམངས་ཀྱིས་ང་ཚོར་སྤྲད་པའི་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བྱ་བ་ཆུང་ཙག་ནས་མང་ཚོགས་དང་ལྷག་དོན་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བྱས་ནས། མི་རིགས་ཁག་གིས་མཉམ་དུ་ཟླ་མཆོད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རྣམ་པ་བཟང་པོ་གཏོད་དགོས། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་རྐྱེན་མ་བྱུང་གོང་ལ་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེ་མི་ལྷགས་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ་བཅས་མཐའ་འཁྱོངས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན། གཙོ་གནད་ཁྱབ་ཁོངས་སུ་དོ་དམ་ཚོད་འཛིན། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བ་དང་སྤྱི་པའི་བདེ་འཇགས་དོ་དམ་བཅས་ལ་ཤུགས་སྣོན་རྒྱག་པ། ལྷོད་གཡེང་སྤུ་ཙམ་ཡང་མེད་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བཅས་བྱས་ནས། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་དང་ཞི་མཐུན་བརྟན་ལྷིང་བཅས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།