“ཀྲུང་གོའི་དུས་རབས་གསར་པ། ནུབ་རྒྱུད་ཀྱི་གོ་སྐབས་གསར་པ”ཞེས་པའི་བརྗོད་དོན་གཙོ་བོའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཅོ་བརྒྱད་པའི་འགོ་ཚུགས་མཛད་སྒོ་དང་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཅུ་པ(གཤམ་དུ་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཞེས་བསྡུ་རྒྱུ)ཁྲེང་ཏུའུ་རུ་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ་དང་འབྲེལ། སྐབས་བཅུ་གཅིག་པའི་ཀྲུང་གོའི་ནུབ་རྒྱུད་མ་འཇོག་གསལ་བཤད་ཚོགས་འདུ་དང་དཔལ་འབྱོར་མཉམ་ལས་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ཤིས་ཚིག་གསུང་སྐབས། དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་གངས་ལྗོངས་ཀྱི་བུ་ཕྲུག་ཁྲི་364ཡི་ཚབ་ཞུས་ནས་སྐབས་བཅོ་བརྒྱད་པའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་གཟབ་རྒྱས་ངང་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཀྱི་པུའུ་ཨུད་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ལས་རིགས་ཁག་གི་གྲོགས་པོ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་འཚོགས་ཚུན། དངོས་མང་སྟོན་ཚོགས་ཀྱིས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཛའ་གྲོགས་དར་སྤེལ། གྲ་རྒྱས་གོང་འཕེལ་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ང་ཚོས་ཐུན་མོང་ཐོག་དཔང་པོ་བྱས་པ་དང་། ཀྲུང་གོའི་ནུབ་རྒྱུད་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་གྱི་སྒོ་དབྱེ་མཉམ་ལས་དང་། གཉིས་ཁེ་གཉིས་ཕན། དར་རྒྱས་གོང་འཕེལ་བཅས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། སྐབས་འདིའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་ཚན་པ་ཡིན་པའི་བོད་ཀྱིས་བྱེད་ཐབས་སྣ་ཚོགས་དང་། ཕྱོགས་ཡོངས། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་ཐོག་ནས་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱ་རྒྱུ་དང་། བོད་ཀྱིས“སའི་གོ་ལའི་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གཏོད་པའི་མིང་བྱང་གསར་པ་གཙོ་གནད་ཐོག་འགྲེམས་སྟོན་བྱ་རྒྱུ་མ་ཟད། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་བོད་ཀྱི་གཟུགས་བརྙན་གསར་པ་མངོན་པར་བྱ་རྒྱུ་རེད་ཅེས་གསུངས་ཤིང་། ད་དུང་བློ་བཟང་རྒྱལ་མཚན་གྱིས་ལས་རིགས་ཁག་གི་གྲོགས་པོ་དེ་བས་མང་བ་བོད་དུ་མ་འཇོག་ལས་དར་དང་མཉམ་དུ་བྱ་གཞག་གཏོད་པར་ཡོང་རྒྱུར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།