དབུ་ཤོག>སྲིད་དོན།
  • ཝང་ཁྲེན་གྱིས་བོད་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-11

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་ཚེས་5ནས་8ཉིན་བར་བོད་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཁྲིམས་སྐྱོང་གི་འགན་སྲུང་ནུས་པ་འདོན་སྤེལ་བཅས་བྱས་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། 

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལིའུ་ཅང་བཅས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པའམ་ཡང་ན་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    ཝང་ཁྲེན་སྔ་རྗེས་སུ་ལྷ་ས་དང་གཞིས་རྩེ་སོགས་ཀྱི་ཁེ་ལས་དང་། གྲོང་གསེབ། སྡེ་ཁུལ། མི་དམངས་འཐུས་ཚོགས་ལས་ཁུངས་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། བོད་ལྗོངས་ཉིང་རྩིས་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིར་སྤྲིན་རྩིས་དང་གྲངས་གཞི་ཆེན་པོ་སོགས་རྣམ་གྲངས་ཀྱི་ངོ་སྤྲོད་གསན་ནས་ནུས་རྒྱུ་གཙང་མ་སྤྱོད་པ་དང་ལྗང་མདོག་གྲངས་གཞི་ལྟེ་གནས་སྐྲུན་པའི་བྱེད་སྟངས་ལ་ཁས་ལེན་གནང་བ་རེད། པ་སྣམ་རྫོང་གི་མུའུ་ཁྲི་ལ་འདྲེ་ཚེར་མའི་ཐོན་ལས་གླིང་དང་ས་སྐྱ་རྫོང་པའེ་ཡ་ཁྲེང་ཞིང་ཞོར་ཐོན་ཟོག་ཚད་ཡོད་ཀུང་སིར་འདྲེ་ཚེར་མ་འདེབས་འཛུགས་ལས་སྣོན་དང་ཀུང་སི་དང་ཞིང་དུད་ཟུང་འབྲེལ་གྱི་རྣམ་པ་བརྒྱུད་དེང་རབས་འབྲོག་ལས་འཕེལ་རྒྱས་བཏང་བའི་ཕན་འབྲས་ལ་ལྟ་ཞིབ་གནང་ནས། སྐྱེ་ཁམས་སྲུང་སྐྱོང་དང་ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་སོགས་དམངས་འཚོ་ལེགས་གཏོང་དང་ཟུང་འབྲེལ་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། གཞིས་རྩེ་གྲོང་ཁྱེར་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་ཁྲིམས་ལྟར་སྡེ་ཁུལ་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བའི་ཐད་དགའ་འོས་པའི་འཕེལ་རྒྱས་བྱུང་བའི་སྐོར་མཁྱེན་རྟོགས་གནང་བ་རེད། ཝང་ཁྲེན་གྱིས་ད་དུང་ཞིང་དུད་ཕུན་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཁོང་ཚོར་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་མུ་མཐུད་དཀའ་སྤྱད་བློ་རིག་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།

    ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། བཀྲ་ཤིས་ལྷུན་པོ་དགོན་བཅས་སུ་ཝང་ཁྲེན་གྱིས་རིག་དངོས་སྲུང་སྐྱོབ་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་མ་ཟད། དོ་དམ་ཨུ་ལྷན་གྱི་འགན་ཁུར་བ་དང་དགེ་འདུན་པ་དང་སྤེལ་རེས་ཀྱང་གནང་ཞིང་། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ཡག་པོ་བྱས་ནས་ཀྲུང་ཧྭའི་མི་རིགས་རིག་གནས་ཀྱི་མཆོག་ནོར་རྒྱུན་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ཝང་ཁྲེན་གྱིས་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་བཞུགས་མོལ་གནང་བ་དང་འབྲེལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་བློ་མཐུན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་བོད་སྐྱོར་ལས་བྱེད་པར་གཟིགས་པ་རེད། ཁོང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ལས་དོན་ལ་ཕན་འབྲས་ཆེན་པོ་ཐོན་པ་དང་། གཏན་འབེབས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ལྗོངས་འཛུགས་གཏོད་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལས་ནུས་པ་གལ་ཆེན་ཐོན་ནས་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད། དགེ་མཚན་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།