དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞིའི་སྒོ་བྱང་སྤྲོད་པའི་མཛད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-09

    ཚེས་6ཉིན། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞིའི་སྒོ་བྱང་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་སྒོ་བྱང་སྤྲོད་པའི་མཛད་སྒོར་ཞུགས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དང་། ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་། འཇོ་མདའ་རྫོང་སྐམ་ཐོག་དམག་སྡེ་བཅོ་བརྒྱད་པའི་དམག་སྒར་གྱི་གནས་རྙིང་། རྒྱལ་ཡོངས་ཀྱི་བོད་སྐྱོར་འགྲེམས་སྟོན་ཁང་། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་གནས་རྙིང་བཤམས་སྟོན་ཁང་བཅས་ལ་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞིའི་སྒོ་བྱང་སྤྲད་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་ལྗོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། ལྷག་པར་དུ་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞིའི་སྒོ་བྱང་རག་པའི་ཚན་པ་5ཡིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཕུགས་བསམ་དང་དད་སེམས་དང་། རྒྱལ་གཅེས་རིང་ལུགས། གསར་བརྗེའི་སྲོལ་རྒྱུན་བཅས་ཀྱི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཏང་ལ་དགའ་ཞེན་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་སྔར་བས་འཕེལ་བར་བྱེད་པ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་རྒྱལ་ཡོངས་དང་མཉམ་དུ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་བསྐྱོད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་འབད་འཐབ་བྱེད་ཕོད་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།