གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ལས་ཀའི་གཏན་འབེབས།
2021ལོའི་བཀའ་རྒྱ་ཨང་དང་པོ།
གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ལས་ཀའི་གཏན་འབེབས།
《གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ལས་ཀའི་གཏན་འབེབས》འདི་2021ལོའི་ཟླ་3ཚེས་12ཉིན་རྒྱལ་ཁབ་བདེ་འཇགས་པུའི་པུའུ་དོན་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་དགོས།
པུའུ་ཀྲང་། ཁྲེན་ཝུན་ཆིང་ནས།
2021ལོའི་ཟླ་4ཚེས་26ལ།
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ། གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་བཟོས་ཏེ། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་སྲུང་བཅའ་ཁྲིམས》དང་། 《གསང་མྱུལ་ལ་འགོག་རྒོལ་བྱ་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》 《གསང་མྱུལ་ལ་འགོག་རྒོལ་བྱ་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་གཏན་འབེབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་མཐུན་སྦྱོར་དང་མཛུབ་ཁྲིད་འོག གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ལས་དོན་སྤེལ་བར་གཏན་འབེབས་འདི་སྤྱད་ན་འཐུས།
དོན་ཚན་གསུམ་པ། གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ལས་དོན་སྤེལ་སྐབས་ངེས་པར་དུ་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས། ཆེད་དམིགས་ལས་དོན་དང་མང་ཚོགས་ལམ་ཕྱོགས་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས། མི་རྒྱུ་རྩལ་གསུམ་གྱི་འགོག་སྲུང་ཕན་ཚུན་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཁྲིམས་བཅད་ཀྱི་དབང་ཚད་དང་ལས་རིམ་ལ་སྲུང་བརྩི་ནན་པོ་ཞུ་བ་དང་། མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ། སྤྱི་དམངས་དང་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཅས་བྱེད་དགོས།
དོན་ཚན་བཞི་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་རང་ཚན་པའི་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་བྱེད་པོའི་འགན་འཁྲི་འཁུར་སྐབས། ངེས་པར་དུ་རང་ཚན་པའི་མི་སྣར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་སློབ་གསོ་རྒྱག་དགོས་པ་མ་ཟད། རང་ཚན་པའི་མི་སྣ་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་གསང་མྱུལ་གྱི་བྱེད་སྤྱོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་གཞན་དག་ལ་ཉེན་ཟོན་དང་བཀག་འགོག་བྱེད་དགོས།
ལས་རིགས་ཀྱི་གཙོ་འགན་སྡེ་ཚན་གྱིས་རང་སོ་སོའི་འགན་དབང་གི་ཁྱབ་ཁོངས་ནང་ལས་རིགས་དེ་གའི་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་དགོས།
དོན་ཚན་ལྔ་པ། རིམ་ཁག་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དོ་དམ་གྱི་དབང་ཚད་ལ་གཞིགས་ནས་ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ལས་དོན་སྤེལ་བའི་ཐད་ཁྲིམས་ལྟར་ལས་སྒོའི་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།
དོན་ཚན་དྲུག་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་དེའི་ལས་དོན་མི་སྣས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ལས་དོན་ལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པའི་ལས་ཀའི་འགན་འཁྲི་སྒྲུབ་སྐབས་ཤེས་རྟོགས་བྱུང་བའི་རྒྱལ་ཁབ་ཀྱི་གསང་བ་དང་། ལས་ཀའི་གསང་བ། ཚོང་ལས་ཀྱི་གསང་བ། དེ་བཞིན་མི་སྒེར་གྱི་གསང་བ་དང་མི་སྒེར་གྱི་ཆ་འཕྲིན་བཅས་ངེས་པར་དུ་ནན་པོ་སྲུང་དགོས་པ་ལས་གསང་བ་ཕྱིར་གྱར་བའམ་ཡང་ན་ཁྲིམས་འགལ་གྱིས་མི་གཞན་ལ་མཁོ་འདོན་བྱེད་མི་ཆོག
ལེའུ་གཉིས་པ། གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་འགན་འཁྲི།
དོན་ཚན་བདུན་པ། ལས་རིགས་ཀྱི་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུའི་འགན་འཁྲི་ཁག་སྒྲུབ་དགོས་པ་གཤམ་གསལ་སྟེ།
(གཅིག) གཙོ་འགན་ལས་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ལས་རིགས་དེ་གའི་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ལས་ཀའི་བླང་བྱ་ཁ་གསལ་བཟོ་དགོས་པ།
(གཉིས) རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་གཙོ་འགན་ལས་རིགས་ཀྱི་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་གཙོ་གནད་ཚན་པའི་མིང་གཞུང་བཟོ་དགོས་པ་དང་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ལས་དོན་སྤེལ་དགོས་པ།
(གསུམ) གཙོ་འགན་ལས་རིགས་ཁོངས་གཏོཌ་ཀྱི་གཙོ་གནད་ཚན་པས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་འོས་འགན་སྒྲུབ་པར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་དགོས་པ།
(བཞི) སྒྲུབ་དགོས་ངེས་ཀྱི་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ལས་རིཌ་ཀྱི་དོ་དམ་འགན་འཁྲི་གཞན་དག
འབྲེལ་ཡོད་ལས་རིགས་ཀྱི་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་མཉམ་དུ་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཆ་འཕྲིན་སྤེལ་རེས་དང་། གནས་ཚུལ་མཉམ་གྲོས། མཉམ་དུ་མཛུབ་ཁྲིད། མཉམ་སྦྲེལ་ལྟ་བཤེར་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ལས་དོན་ཐུན་མོང་ཐོག་ཡག་པོ་སྒྲུབ་དགོས།
དོན་ཚན་བརྒྱད་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་བྱེད་པོའི་འགན་འཁྲི་ཁུར་ནས་གཤམ་གསལ་གྱི་འོས་འགན་སྒྲུབ་དགོས་པ་སྟེ།
(གཅིག) གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་སློབ་གསོ་དང་སྦྱོང་བརྡར་སྤེལ་ནས་རང་ཚན་པའི་ཉེན་ཟོན་བདེ་སྲུང་གི་འདུ་ཤེས་དང་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་དགོས་པ།
(གཉིས) རང་ཚན་པའི་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཉེན་ཟོན་བདེ་སྲུང་གི་འབྲེལ་ཡོད་བྱ་ཐབས་དོན་འཁྱོལ་བྱེད་དགོས་པ།
(གསུམ) གསང་མྱུལ་གྱི་བྱེད་སྤྱོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་གཞན་དག་དང་འབྲེལ་བ་ཡོད་པའི་དོགས་ཡོད་གནས་ཚུལ་དུས་ཐོག་ཏུ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ།
(བཞི) རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་འགན་སྒྲུབ་པར་སྟབས་བདེ་བསྐྲུན་པའམ་ཡང་ན་དེ་མིན་གྱི་གཞོགས་འདེགས་བྱེད་དགོས་པ།
(ལྔ) རང་ཚན་པ་དང་རང་ཚན་པའི་མི་སྣ་དང་འབྲེལ་བ་ཡོད་པའི་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་འོས་འཚམ་བྱེད་དགོས་པ།
(དྲུག) སྒྲུབ་དགོས་ངེས་ཀྱི་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ཐད་ཀྱི་འོས་འགན་གཞན་དག
དོན་ཚན་དགུ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཚན་པའི་ངོ་བོ་དང་། ཁོངས་གཏོགས་ལས་རིགས། གསང་འབྲེལ་རིམ་པ། ཕྱི་འབྲེལ་ཟབ་ཚད་བཅས་དང་། དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གྱིད་དོན་དང་དོན་རྐྱེན་ཐོན་ཡོད་མེད་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་གཙོ་གནད་ཚན་པའི་མིང་གཞུང་བཟོ་དགོས་པ་མ་ཟད་དུས་བཀག་ལྟར་ལེགས་སྒྲིག་བྱས་ཏེ་གཙོ་གནད་ཚན་པར་ཡིག་ཐོག་ནས་བརྡ་ལན་སྤྲོད་དགོས།གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་གཙོ་གནད་ཚན་པས་གཏན་འབེབས་འདིའི་དོན་ཚན་བརྒྱད་པའི་ནང་གཏན་ལ་ཕབ་པའི་འོས་འགན་སྒྲུབ་དགོས་པ་ཕུད་ད་དུང་ངེས་པར་དུ་གཤམ་གསལ་གྱི་འོས་འགན་ཁག་སྒྲུབ་དགོས་པ་སྟེ།
(གཅིག) གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ལས་ཀའི་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ།
(གཉིས) རང་སྡེ་ཚན་གྱི་འབྲེལ་ཡོད་ལས་ཁུངས་དང་མི་སྣས་འཁུར་རྒྱུའི་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་འགན་འཁྲི་ཁ་གསལ་བཟོ་དགོས་པ།
(གསུམ) གསང་འབྲེལ་གྱི་དོན་གནད་དང་། ལས་ཡུལ། གཞི་རྟེན། གཞི་གྲངས། ལས་གནས། མི་སྣ་བཅས་ཀྱི་རྒྱུན་གཏན་ཉེན་ཟོན་བདེ་སྲུང་གི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་གསང་འབྲེལ་མི་སྣར་ལས་གནས་ཐོག་མ་ཞུགས་གོང་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ཞིབ་བཤེར་བྱེད་རྒྱུ་དང་། གསང་འབྲེལ་མི་སྣ་དང་ཉེན་ཟོན་བདེ་སྲུང་གི་ཁས་ལེན་ཡི་གེ་འཇོག་དགོས་པ།
(བཞི) གསང་འབྲེལ་དང་ཕྱི་འབྲེལ་གྱི་མི་སྣ་སྒྲིག་འཛུགས་བྱས་ནས་རང་ཚན་པར་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་དོན་གནད་སྙན་སེང་ཞུ་དགོས་པ་མ་ཟད། གཞི་གྲངས་དང་ཆ་འཕྲིན་ལ་འགྱུར་ལྡན་དོ་དམ་ཡག་པོ་བྱེད་དགོས་པ།
(ལྔ) ཕྱི་འབྲེལ་སྤེལ་རེས་མཉམ་ལས་བྱེད་པའི་ཁྲོད་ཀྱི་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། འབྲེལ་ཡོད་སྔོན་ཇུས་བྱ་ཐབས་བཟོ་རྒྱུ་མ་ཟད་དོན་འཁྱོལ་བྱེད་དགོས་པ།
(དྲུག) རྒྱལ་ཁབ(རྒྱལ་མཚམས)གྲོལ་ནས་འགྲོ་མཁན་གྱི་རང་ཚན་པའི་ཚོགས་པ་དང་། མི་སྣ། དེ་བཞིན་ཡུན་རིང་ཕྱི་སྡོད་བྱེད་མཁན་མི་སྣ་བཅས་ལ་མ་ཐོན་གོང་དུ་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་སློབ་གསོ་རྒྱག་པ་དང་། ཕྱི་སྡོད་བྱེད་རིང་དོ་དམ་བྱེད་པ། རྒྱལ་ནང་དུ་ལོག་རྗེས་བཅར་འདྲི་བྱེད་པ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ།
(བདུན) གསང་འབྲེལ་དང་ཕྱི་འབྲེལ་གྱི་མི་སྣར་དུས་བཀག་ལྟར་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་སློབ་གསོ་རྒྱག་པ་དང་སྦྱོང་བརྡར་སྤྲོས་དགོས་པ།
(བརྒྱད) གསང་མྱུལ་འགོག་པའི་ལག་རྩལ་གྱི་ཉེན་ཟོན་བདེ་སྲུང་གི་ཚད་གཞི་གཞིར་བཟུང་། དགོས་ངེས་ཀྱི་སྒྲིག་ཆས་དང་སྒྲིག་བཀོད་སྒྲིག་སྦྱོར་བྱེད་དགོས་པ་དང་། འབྲེལ་ཡོད་ལག་རྩལ་གྱི་ཉེན་ཟོན་བདེ་སྲུང་བྱ་ཐབས་དོན་འཁྱོལ་བྱེད་དགོས་པ།
(དགུ) རང་ཚན་པའི་གསང་མྱུལ་འགོག་པའི་ལས་དོན་ལ་དུས་བཀག་ཐོག་རང་བཤེར་བྱས་ནས་བདེ་འཇཌ་ཀྱི་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་མེད་པ་བཟོ་དགོས་པ།
དོན་ཚན་བཅུ་པ། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་ལས་གཉེར་བྱེད་མཁན་གྱིས་གཏན་འབེབས་འདིའི་དོན་ཚན་བརྒྱད་པའི་ནང་གཏན་ལ་ཕབ་པའི་འོས་འགན་སྒྲུབ་དགོས་པ་ཕུད་ད་དུང་ངེས་པར་དུ་གཤམ་གསལ་གྱི་འོས་འགན་སྒྲུབ་དགོས་པ་སྟེ།
(གཅིག) རང་ཚན་པའི་བདེ་འཇགས་དོ་དམ་ལས་ཁུངས་ཀྱི་འགན་འཁུར་བ་དང་འགག་རྩའི་ལས་གནས་ཀྱི་མི་སྣར་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ཞིབ་བཤེར་བྱེད་དགོས་པ།
(གཉིས) ལས་སྒྲུབ་མི་སྣར་དུས་བཀག་ལྟར་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་སློབ་གསོ་རྒྱག་པ་དང་སྦྱོང་བརྡར་སྤྲོས་དགོས་པ།
(གསུམ) གསང་མྱུལ་འགོག་པའི་ལག་རྩལ་གྱི་ཉེན་ཟོན་བདེ་སྲུང་བྱ་ཐབས་སྤྱད་དེ་རྒྱལ་ཕྱིའི་དྲ་ཐོག་ནས་ཚུར་རྒོལ་བྱེད་པ་དང་། དྲ་ཐོག་ནས་བཙན་འཛུལ་བྱེད་པ། དྲ་ཐོག་ནས་གསང་བ་བརྐུ་བ་སོགས་གསང་མྱུལ་གྱི་བྱེད་སྤྱོད་ལ་ཉེན་ཟོན་དང་བཀག་འགོག་བྱས་ནས་དྲ་རྒྱ་དང་ཆ་འཕྲིན་གྱི་ལྟེ་བའི་ལག་རྩལ་དང་། འགག་རྩའི་རྨང་གཞིའི་སྒྲིག་བཀོད། གལ་ཆེའི་ཁྱབ་ཁོངས་ཀྱི་ཆ་འཕྲིན་མ་ལག་དང་གཞི་གྲངས་བཅས་ཀྱི་བདེ་འཇགས་འགན་སྲུང་བྱེད་དགོས་པ།
གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་གཙོ་གནད་ཚན་པའི་མིང་གཞུང་ནང་བཅུག་པའི་འགག་རྩའི་ཆ་འཕྲིན་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཉེར་བས་ད་དུང་གཏན་འབེབས་འདིའི་དོན་ཚན་དགུ་པའི་ནང་གཏན་ལ་ཕབ་པའི་འོས་འགན་ཁག་ངེས་པར་དུ་སྒྲུབ་དགོས་པ།
ལེའུ་གསུམ་པ། གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་མཛུབ་ཁྲིད།
དོན་ཚན་བཅུ་གཅིག་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གཤམ་གསལ་གྱི་བྱེད་སྟངས་ལ་བརྟེན་ནས་ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་འགན་འཁྲི་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་བྱས་ཆོག་པ་སྟེ།
(གཅིག) ལས་ཀའི་ལག་དེབ་དང་ཕྱོགས་སྟོན་སོགས་དྲིལ་བསྒྲགས་སློབ་གསོའི་དཔྱད་ཡིག་མཁོ་འདོན་བྱེད་པ།
(གཉིས) ཡིག་ཐོག་གི་མཛུབ་ཁྲིད་བསམ་འཆར་པར་འགྲེམས་བྱེད་པ།
(གསུམ) ལས་ཀའི་སྦྱོང་བརྡར་སྤྲོས་པ།
(བཞི) ལས་དོན་ཚོགས་འདུ་ཚོགས་པ།
(ལྔ) དྲན་སྐུལ་དང་ཁ་ཏ་བསླབ་བྱ་བྱེད་པ།
(དྲུག) མཛུབ་ཁྲིད་བྱེད་སྟངས་གཞན་དག
དོན་ཚན་བཅུ་གཉིས་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་དུས་བབ་ལ་དུས་བཀག་ལྟར་དབྱེ་ཞིབ་དང་ཉེན་ཁར་ཚོད་སྐོར་བྱས་ཏེ། འབྲེལ་ཡོད་ཚན་པ་བརྡ་ཁྱབ་གཏོང་རྒྱུ་དང་། འབྲེལ་ཡོད་ཚན་པར་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱེད་རྒྱུའི་བསམ་འཆར་དང་གྲོས་འཆར་འདོན་རྒྱུ།
དོན་ཚན་བཅུ་གསུམ་པ། རྒྱལ་ཁབ་བདེ་འཇཌ་ལས་ཁུངས་ཀྱིས་དྲ་རྒྱ་དང་། སྨྱན་སྦྱོར་ལས་སྟེགས། རྒྱལ་ཁབ་ཀྱི་བདེ་འཇཌ་སློབ་གསོའི་རྟེན་གཞི(ཁང་)སོགས་སྤྱད་དེ་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ།
དོན་ཚན་བཅུ་བཞི་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་སློབ་གསོའི་གཙོ་འགན་སྡེ་ཚན་དང་མཉམ་དུ་སློབ་གྲྭས་དགེ་སློབ་ཡོངས་ལ་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་སློབ་གསོ་སྤེལ་བར་མཛུབ་ཁྲིད་བྱེད་རྒྱུ་དང་། རྒྱལ་ཁབ(མཐའ་མཚམས)གྲོལ་ནས་སློབ་སྦྱོང་དང་སྤེལ་རེས་ལ་ཞུགས་མཁན་གྱི་དགེ་རྒན་དང་སློབ་མར་མ་ཐོན་གོང་དུ་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་སློབ་གསོ་རྒྱག་རྒྱུ་དང་རྒྱལ་ཁབ(མཐའ་མཚམས)ནང་ཚུར་ལོག་རྗེས་བཅའ་འདྲི་བྱེད་རྒྱུ།
དོན་ཚན་བཅོ་ལྔ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཚན་རྩལ་གཙོ་འགན་སྡེ་ཚན་དང་མཉམ་དུ་རིགས་འདྲ་མིན་གྱི་ཚན་ཞིབ་ལས་ཁུངས་ལ་མཛུབ་ཁྲིད་བྱས་ཏེ་ཚན་ཞིབ་མི་སྣར་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་སློབ་གསོ་རྒྱག་རྒྱུ་དང་། རྒྱལ་ཁབ(མཐའ་མཚམས)གྲོལ་ནས་སློབ་སྦྱོང་དང་སྤེལ་རེས་ལ་ཞུགས་མཁན་གྱི་ཚན་ཞིབ་མི་སྣར་མ་ཐོན་གོང་དུ་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་སློབ་གསོ་རྒྱག་རྒྱུ་དང་རྒྱལ་ཁབ(མཐའ་མཚམས)ནང་ཚུར་ལོག་རྗེས་བཅའ་འདྲི་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།
དོན་ཚན་བཅུ་དྲུག་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཡུལ་མི(གྲོང་ལྷན) ཨུ་ཡོན་ལྷན་ཁང་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་རང་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ཐད་ཀྱི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བར་གཞོགས་འདེགས་བྱེད་རྒྱུ།
དོན་ཚན་བཅུ་བདུན་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དྲིལ་བསྒྲགས་ཀྱི་གཙོ་འགན་སྡེ་ཚན་དང་མཉམ་དུ་རླུང་འཕྲིན་བརྙན་འཕྲིན་དང་། ཚགས་པར་དུས་དེབ། མཉམ་སྦྲེལ་དྲ་རྒྱ་སོགས་སྨྱན་སྦྱོར་ལས་ཁུངས་ཀྱིས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་མཐུན་སྦྱོར་དང་མཛུབ་ཁྲིད་བྱས་ཏེ། གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་སྤྱི་ཕན་བརྡ་ཁྱབ་དང་། དམིགས་བསལ་གྱོད་དཔེ། དྲིལ་བསྒྲགས་སློབ་གསོ་བཅས་ཀྱི་ལེ་ཚན་ནམ་ཡང་ན་དྲིལ་བསྒྲགས་ཡིག་རིགས་བཟོ་བ་དང་། འགོད་གཏོང་བྱེད་པ། སྟོན་པ་བཅས་བྱས་ནས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་བྱེད་རྒྱུའི་སྤྱི་དམངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ།
དོན་ཚན་བཅོ་བརྒྱད་པ། སྤྱི་དམངས་དང་རྩ་འཛུགས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཐེར་འདོན་བདག་སྤྲོད་ཁ་པར་12339དང་། དྲ་ཐོག་ནས་ཐེར་འདོན་བྱས་རིགས་བདག་སྤྲོད་བྱེད་པའི་ལས་སྟེགས་སམ་ཡང་ན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ནས་ཁྱབ་བསྒྲགས་བྱས་པའི་ཐེར་འདོན་བྱེད་ལམ་གཞན་དག་བཅས་བརྒྱུད་དེ་གསང་མྱུལ་གྱི་བྱེད་སྤྱོད་དང་དེ་མིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས་ཐེར་འདོན་བྱས་ཆོག་པ་དང་། དེ་བཞིན་རིགས་འདྲ་མིན་གྱི་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ཐད་ཀྱི་གནད་དོན་གྱི་ཁུངས་སྣེ་ཐེར་འདོན་བྱས་ཆོག
དོན་ཚན་བཅུ་དགུ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ངེས་པར་དུ་ཐེར་འདོན་བྱེད་མཁན་གྱི་གསང་བ་བསྲུངས་ནས་ཐེར་འདོན་བྱེད་མཁན་གྱི་ལུས་རྟེན་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཐེར་འདོན་བྱེད་མཁན་གྱི་མོས་མཐུན་མ་ཐོབ་པར་བྱེད་ཐབས་གང་རུང་གི་ཐོག་ནས་སྒེར་གྱི་ཆ་འཕྲིན་ཡོངས་བསྒྲགས་དང་ཕྱིར་གྱར་བྱེད་མི་ཆོག
སྤྱི་དམངས་ཀྱིས་གསང་མྱུལ་གྱི་བྱེད་སྤྱོད་དང་དེ་མིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས་ཐེར་འདོན་བྱས་པར་བརྟེན། མི་སྒེར་རམ་ཡང་ན་དེའི་གཉེན་ཉེའི་ལུས་རྟེན་གྱི་བདེ་འཇགས་ལ་ཉེན་ཁ་འཕྲད་ཚེ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་སྲུང་སྐྱོབ་གནང་རོགས་ཞུས་ཆོག རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁྲིམས་བཞིན་སྲུང་སྐྱོབ་བྱ་ཐབས་སྤྱོད་དགོས།
དོན་ཚན་ཉི་ཤུ་པ། གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ལས་ཀའི་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པའམ་ཡང་ན་ལེགས་སྐྱེས་ཆེན་པོ་འབུལ་མཁན་གྱི་ཚན་པ་དང་མི་སྒེར་ལ་གཤམ་གསལ་གྱི་ཆ་རྐྱེན་གང་རུང་ཞིག་འཛོམས་ཚེ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱབ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། འབྲེལ་ཡོད་སྡེ་ཚན་དང་ཚན་པ་མཉམ་དུ་གཟེངས་བསྟོད་དང་བྱ་དགའ་སྤྲད་ཆོག་པ་སྟེ།
(གཅིག) གལ་ཆེའི་གནས་ཚུལ་ལམ་ཡང་ན་ཁུངས་སྣེ་མཁོ་འདོན་བྱས་ནས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་གྱི་གྱོ ད་གཞིའམ་ཡང་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཤེས་རྟོགས་དང་རྩད་ཆོད་ཐུབ་པ་བྱེད་རྒྱུ་དང་། ཡང་ན་འབྲེལ་ཡོད་ཚན་པས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཚབས་ཆེའི་ཉེན་ཁའི་རྐྱེན་ངན་ནམ་ཡང་ན་གནོད་འཚེ་དངོས་ལ་ཉེན་ཟོན་དང་མེད་པ་བཟོ་རྒྱུར་གལ་ཆེའི་ནུས་པ་ཐོན་པའི་རིགས།
(གཉིས) རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ལས་འགན་སྒྲུབ་པར་གཞོགས་འདེགས་དམ་ཟབ་བྱས་པ་དང་། དེའི་མཚོན་ཚུལ་མངོན་གསལ་དོད་པའི་རིགས།
(གསུམ) གསང་མྱུལ་གྱི་བྱེད་སྤྱོད་དམ་ཡང་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་གཞན་དག་ལ་ཉེན་ཟོན་དང་བཀག་འགོག་བྱས་པ་དང་། དེའི་མཚོན་ཚུལ་མངོན་གསལ་དོད་པའི་རིགས།
(བཞི) རང་འགུལ་ངང་བྱ་ཐབས་སྤྱད་དེ་རྒྱབ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་རང་ཚན་པའི་ཚབས་ཆེའི་ཉེན་ཁའི་རྐྱེན་ངན་ནམ་ཡང་ན་གནོད་འཚེ་དངོས་འཕྲལ་དུ་མེད་པར་བཟོས་ཏེ་གྱོང་གུན་ཆེན་པོ་སེལ་བའི་རིགས།
(ལྔ) གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ལས་དོན་ཁྲོད་གསར་གཏོད་གལ་ཆེན་བྱས་པའམ་ཡང་ན་གྲུབ་འབྲས་ཧ་ཅང་མངོན་གསལ་དོད་པོ་ཡོད་པའི་རིགས།
(དྲུག) གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ལས་དོན་ཁྲོད་དེ་མིན་ལེགས་སྐྱེས་ཆེན་པོ་ཕུལ་བའི་རིགས།
ལེའུ་བཞི་པ། གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ཞིབ་བཤེར།
དོན་ཚན་ཉེར་གཅིག་པ། གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་པ་དང་། ཆུད་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་འགན་འཁུར་བའི་ཆོག་མཆན་ཐོབ་པ་མ་ཟད། བཅའ་ཁྲིམས་ཐད་ཀྱི་ཡིག་རིགས་བཏོན་ཡོད་ཚེ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ལ་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ཞིབ་བཤེར་བྱས་ཆོག་པ་སྟེ།
(གཅིག) གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ཉེན་ཁའི་རྐྱེན་ངན་ཤེས་རྟོགས་བྱུང་བ་དང་།
(གཉིས) གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ཐད་ཀྱི་གནད་དོན་གྱི་ཁུངས་སྣེ་ཐེར་འདོན་བྱས་རིགས་ལག་འབྱོར་བྱུང་བ།
(གསུམ) འབྲེལ་ཡོད་ཚན་པའི་རེ་ཞུ་གཞིར་བཟུང་བ།
(བཞི) གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ལས་ཀའི་དགོས་མཁོ་གཞན་དག་གིས་རྐྱེན་པ་བཅས།
དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གཤམ་གསལ་གྱི་བྱེད་ཐབས་སྤྱད་དེ་ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱི་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ལས་དོན་ལ་ཞིབ་བཤེར་བྱས་ཆོག་པ་སྟེ།
(གཅིག) འབྲེལ་ཡོད་ཚན་པ་དང་མི་སྣའི་ས་ནས་གནས་ཚུལ་ཤེས་རྟོགས་བྱེད་པ།
(གཉིས) འབྲེལ་ཡོད་དཔྱད་ཡིག་ལྟ་འཐེན་བྱེད་པ།
(གསུམ) འབྲེལ་ཡོད་ལས་དོན་གྱི་གསལ་བཤད་ཉན་པ།
(བཞི) འབྲེལ་ཡོད་ཚན་པ་དང་ས་ཡུལ་དངོས་ལ་བསྐྱོད་དེ་ལྟ་བཤེར་བྱེད་པ།
(ལྔ) འབྲེལ་ཡོད་གློག་རྡུལ་འཕྲིན་གཏོང་གི་ལག་ཆ་དང་ཡོ་བྱད་སོགས་སྒྲིག་ཆས་དང་སྒྲིག་བཀོད་ལ་བརྟག་བཤེར་བྱེད་པ།
(དྲུག) གསང་མྱུལ་འགོག་པའི་ལག་རྩལ་གྱི་ཐོག་ནས་ཉེན་ཟོན་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱེད་པ།
(བདུན) བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ནང་དབང་བསྐུར་བའི་ཞིབ་བཤེར་བྱེད་ཐབས་གཞན་དག་བཅས།
དོན་ཚན་ཉེར་གསུམ་པ། ཆུད་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་འགན་འཁུར་བའི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཉེན་ཁའི་རྐྱེན་ངན་ཡོད་པའི་ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་འབྲེལ་ཡོད་གནས་ས་དང་། ས་ཆ། ཨར་སྐྲུན་དངོས་པོ། ནང་ཁུལ་གྱི་སྒྲིག་ཆས་སྒྲིག་བཀོད། གློག་ཤུགས་དྲག་ཞན་གྱི་རྒྱུད་ཁོངས། རྩིས་འཁོར་དྲ་རྒྱ། དེ་བཞིན་ཆ་འཕྲིན་རྒྱུད་ཁོངས་དང་འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ལ་གསང་མྱུལ་འགོག་པའི་ལག་རྩལ་གྱི་ཐོག་ནས་ཉེན་ཟོན་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཉེན་ཟོན་དང་། ཤེས་རྟོགས། ཐག་གཅོད་བཅས་བྱས་ན་འགྲིག
དོན་ཚན་ཉེར་བཞི་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གཤམ་གསལ་གྱི་བྱེད་ཐབས་སྤྱད་དེ་གསང་མྱུལ་འགོག་པའི་ལག་རྩལ་གྱི་ཐོག་ནས་ཉེན་ཟོན་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱས་ཆོག་པ་སྟེ།
(གཅིག) འབྲེལ་ཡོད་ཚན་པ་དང་གནས་ཡུལ་དུ་བསྐྱོད་དེ་ས་ཡུལ་དངོས་སུ་ལག་རྩལ་གྱི་ཐོག་ནས་ཞིབ་བཤེར་བྱེད་པ།
(གཉིས) ཆེད་སྤྱོད་སྒྲིག་ཆས་སྤྱད་དེ་འབྲེལ་ཡོད་གནས་ས་དང་། ས་ཆ། ཕྲེང་ལམ། དྲ་རྒྱ་བཅས་ལ་ལག་རྩལ་གྱི་ཐོག་ནས་ཞིབ་དཔྱད་ཚད་ལེན་བྱེད་པ།
(གསུམ) འབྲེལ་ཡོད་སྒྲིག་ཆས་སྒྲིག་བཀོད་དང་། དྲ་རྒྱ། རྒྱུད་ཁོངས་བཅས་ལ་རྒྱང་ཁྲིད་ལག་རྩལ་ཐོག་ནས་ཞིབ་དཔྱད་ཚད་ལེན་བྱེད་པ།
དོན་ཚན་ཉེར་ལྔ་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་འགོག་པའི་ལག་རྩལ་ཐོག་ནས་ཉེན་ཟོན་བྱེད་ཡུལ་དངོས་སུ་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱེད་སྐབས། ཞིབ་བཤེར་བྱེད་མཁན་མི་གཉིས་ལས་མི་ཉུང་བ་དགོས་པ་མ་ཟད། ངེས་པར་དུ་བབ་མཚུངས་ཀྱི་ལག་ཁྱེར་འདོན་དགོས།
རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྒྱང་ཁྲིད་ལག་རྩལ་ཐོག་ནས་ཞིབ་དཔྱད་ཚད་ལེན་བྱེད་སྐབས་ངེས་པར་དུ་ཞིབ་དཔྱད་ཚད་ལེན་བྱ་ཡུལ་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་དུས་ཚོད་དང་ཁྱབ་ཁོངས་སོགས་ཀྱི་དོན་གནད་སྔ་སྣུར་ནས་ཤོད་དགོས།
ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱེད་མཁན་གྱིས་ངེས་པར་དུ་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་གྱི་ཟིན་ཐོ་བཟོས་ཏེ་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱས་ཚུལ་ཇི་མ་ཇི་བཞིན་འགོད་དགོས།
དོན་ཚན་ཉེར་དྲུག་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་འགོག་པའི་ལག་རྩལ་གྱི་ཐོག་ནས་ཉེན་ཟོན་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱེད་པའི་ཁྲོད། གནོད་འཚེ་མི་ཐོན་པ་དང་ཁྱབ་འགྱེད་མི་འགྲོ་བ་བྱེད་ཆེད། ཁྲིམས་ལྟར་ཞིབ་བཤེར་བྱ་ཡུལ་ལ་ལག་རྩལ་གྱི་ཐོག་ནས་བཀག་བཅད་དང་། ལོགས་བཅད། བཤིག་དབྲལ་བཅས་བྱེད་དུ་འཇུག་པའམ་ཡང་ན་འབྲེལ་ཡོད་སྒྲིག་ཆས་སྒྲིག་བཀོད་དང་། དྲ་རྒྱ། རྒྱུད་ཁོངས་སོགས་བེད་སྤྱོད་བྱེད་མཚམས་འཇོག་རྒྱུའི་བཅོས་སྒྲིག་གི་བྱ་ཐབས་སྤྱོད་དུ་འཇུག་རྒྱུ་དང་། འབྲེལ་ཡོད་བྱ་ཐབས་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ་མ་ཟད། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་གྱི་ཟིན་ཐོར་གསལ་བཤད་བརྒྱབ་ན་འགྲིག དོན་ཚན་ཉེར་བདུན་པ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ཞིབ་བཤེར་བྱས་ཚུལ་གཞིར་བཟུང་། ཞིབ་བཤེར་བྱ་ཡུལ་ཚན་པར་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱེད་རྒྱུའི་བསམ་འཆར་དང་གྲོས་འགོ་བཏོན་ཆོག་པ་དང་། འབྲེལ་ཡོད་ཚན་པས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་འགན་འཁྲི་དང་འོས་འགན་དོན་འཁྱོལ་བྱེད་པར་ལྟ་སྐུལ་བྱས་ཆོག
ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ཉེར་བརྒྱད་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། དེ་བཞིན་སྤྱི་ཚོགས་རྩ་འཛུགས་གཞན་དག་བཅས་ཀྱིས་གཏན་འབེབས་འདི་ལས་འགལ་བའི་གཤམ་གསལ་གནས་ཚུལ་གྱི་རིགས་གང་རུང་ཞིག་ཡོད་ཚེ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་དུས་བཀག་ནང་བཅོས་སྒྲིག་བྱེད་དུ་བཅུག་ན་འགྲིག་པ་དང་། བཅོས་སྒྲིག་བྱེད་མཁན་ཚན་པས་ངེས་པར་དུ་བཅོས་སྒྲིག་གི་དུས་བཅད་མ་ཐིམ་གོང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་བཅོས་སྒྲིག་གི་སྙན་ཞུ་འབུལ་དགོས་པ་དང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ངེས་པར་དུ་བཅོས་སྒྲིག་གི་སྙན་ཞུ་འབྱོར་ཉིན་ནས་བཟུང་གི་ལས་ཉིན་བཅོ་ལྔའི་ནང་ཚུན་དུ་བཅོས་སྒྲིག་བྱས་ཚུལ་ལ་ཞིབ་བཤེར་བྱེད་དགོས་པ་སྟེ།
(གཅིག) གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་འགན་འཁྲི་དང་འོས་འགན་ནན་ཏན་མ་བསྒྲུབས་པ་དང་། ཉེན་ཟོན་བདེ་སྲུང་ལས་ཀའི་བྱ་ཐབས་དོན་འཁྱོལ་མ་བྱས་པའམ་ཡང་ན་དོན་ཐོག་ཏུ་མ་འཁྱོལ་བ། དེ་བཞིན་གནད་དོན་གྱི་རྐྱེན་ངན་མངོན་གསལ་དོད་པོ་ཡོད་པའི་རིགས་དང་།
(གཉིས) གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་ཐད་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པར་དང་ལེན་མི་ཞུ་བའི་རིགས།
(གསུམ) གསང་མྱུལ་གྱི་གྱོད་དོན་དང་། བྲོས་བྱོལ་གྱི་གྱོད་དོན། ཕྱི་རྒྱལ་གྱི་ཆེད་དུ་རྒྱལ་ཁབ་ཀྱི་གསང་བ་དང་གསང་འཕྲིན་རྐུ་འཁྱེར་དང་། བསླུ་ཉོ། ཁྲིམས་དང་མི་མཐུན་པར་མཁོ་འདོན་བཅས་བྱེད་པའི་གྱོད་དོན། དེ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་གྱོད་དོན་གཞན་དག་བཅས་ཐོན་པའི་རིགས།
(བཞི) གསང་མྱུལ་གྱི་བྱེད་སྤྱོད་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་དང་འབྲེལ་བ་ཡོད་པའི་དོགས་ཡོད་གནས་ཚུལ་ཤེས་རྟོགས་བྱུང་ཡང་འགྱངས་ཞུ་དང་། ཆད་ཞུ། སྦ་གསང་བཅས་བྱས་ནས་མཇུག་འབྲས་སམ་ཤུགས་རྐྱེན་ངན་པ་བཟོས་པའི་རིགས།
(ལྔ) རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་བཞིན་ལས་འགན་སྒྲུབ་པར་གཞོགས་འདེགས་མི་བྱེད་པའམ་ཡང་ན་འགོག་རྐྱེན་བཟོས་པའི་རིགས་བཅས་སོ།
བླང་བྱ་བཞིན་བཅོས་སྒྲིག་མ་བྱས་པའམ་ཡང་ན་བཅོས་སྒྲིག་གི་བླང་བྱ་དང་མ་མཐུན་པའི་རིགས་ལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་བཞིན་འབྲེལ་ཡོད་འགན་འཁུར་བར་བསྐོང་འདྲི་བྱས་ཆོག་པ་མ་ཟད། བསྐོང་འདྲིའི་གནས་ཚུལ་དེ་ཚན་པ་དེའི་གོང་རིམ་གཙོ་འགན་སྡེ་ཚན་ལ་བརྡ་ཁྱབ་བཏང་ན་འགྲིག
དོན་ཚན་ཉེར་དགུ་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་གཞན་དག དེ་བཞིན་དེའི་ལས་དོན་མི་སྣ་བཅས་ཀྱིས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་འགན་འཁྲི་དང་འོས་འགན་མི་སྒྲུབ་པའམ་ཡང་ན་གཏན་འབེབས་ལྟར་མ་བསྒྲུབས་པར་མཇུག་འབྲས་སམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་ཚེ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་ཚན་པར་གནད་དོན་གྱི་ཁུངས་སྣེ་བསྐྱལ་ཆོག་པ་དང་། འབྲེལ་ཡོད་ལས་ཁུངས་དང་ཚན་པས་དོ་དམ་གྱི་དབང་ཚད་བཞིན་འགན་འཁྲི་ཡོད་པའི་འགོ་ཁྲིད་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣར་སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ལྟར་ཐག་གཅོད་བྱེད་རྒྱུའི་གྲོས་འགོ་བཏོན་ཆོག་པ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ། ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་སུམ་ཅུ་པ། རྒྱལ་ཁབ་བདེ་འཇཌ་ལས་ཁུངས་དང་དེའི་ལས་དོན་མི་སྣས་གསང་མྱུལ་འགོག་པའི་ཉེན་ཟོན་བདེ་སྲུང་གི་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པའི་ལས་དོན་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་ཚེ། འགན་འཁྲི་ཡོད་པའི་འགོ་ཁྲིད་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣར་སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ལྟར་ཐག་གཅོད་བྱེད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ། ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།
ལེའུ་དྲུག་པ། ཞར་བྱུང་།
དོན་ཚན་སོ་གཅིག་པ། གཏན་འབེབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།
(ལྗོངས་རྩོམ་སྒྱུར་ཅུད་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣