དབུ་ཤོག>སྲིད་དོན།
  • ཆེ་དགྲ་ལྷས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-31

    ཚེས་26ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་སྐབས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱི་བསམ་པའི་རྣམ་འགྱུར་དང་འབད་འབུངས་ཡར་བརྩོན་གྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་དང་རིམ་པ་བཞིན་སྐུལ་འདེད་བཏང་སྟེ་རྣམ་གྲངས་དུས་བཀག་ལྟར་སྤུས་ཚད་མཐོ་བ་དང་བདེ་འཇགས་ལྡན་པའི་ངང་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རེན་ཝུའེ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    བོད་ཀྱི་རིག་གནས་དང་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་སུ་ཆེ་དགྲ་ལྷས་ལས་གྲྭའི་འཕེལ་རིམ་དང་། བདེ་འཇགས་དོ་དམ། མ་དངུལ་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཡོད་གནད་དོན་ས་གནས་ས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་གནང་བ་རེད། ཁོང་གིས་འབྲེལ་ཡོད་སྡེ་ཚན་དང་ཨར་ལས་ཚན་པར་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་གིས་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་བཏང་ནས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་གཏུག་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་ཡུན་ལྡོག་སྒྲིག་དང་། ལས་རིམ་གསལ་འགོད། བྱེད་ཐབས་ནུས་ལྡན་སྤྱོད་པ་བཅས་ཀྱི་ཐོག་ནས་ལས་གྲྭའི་སྤུས་ཚད་ལ་དམ་འཛིན་ནན་པོ་བྱེད་པ་དང་། ལས་གྲྭ་དང་མ་དངུལ་དོ་དམ་ནན་པོ་བྱེད་པ། སྤུས་ཚད་མཐོ་བའི་བླང་བྱ་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཐའ་གཅིག་ཏུ་ཁྱབ་པ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པའི་འཛུགས་སྐྲུན་རྣམ་གྲངས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་བོད་ལུགས་གསོ་རིག་གི་རིམ་པ་མཐོ་བའི་སློབ་གསོ་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད། ཆེ་དགྲ་ལྷས་ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་དང་ལས་ཞུགས་བསྡུ་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་རྗེས། ཁོང་གིས་དམངས་འཚོའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་དོ་དམ་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོ་བ་དང་། རྣམ་གྲངས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། ས་གནས་དེ་གའི་མང་ཚོགས་དང་ཨར་སྐྲུན་སྒྲིག་ཆས་རྣམ་གྲངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་སུ་འཇུག་པ། ས་གནས་དེ་གའི་ཨར་སྐྲུན་རྒྱུ་ཆ་ཁྱབ་གདལ་དང་བེད་སྤྱོད་ཤུགས་ཆེན་གཏོང་བ། ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱེད་དགོས་པ་དང་། རྣམ་གྲངས་འཆར་འགོད་ལེགས་སུ་བཏང་སྟེ། རྣམ་གྲངས་གཞི་རྟེན་དུ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་ཤུགས་ཆེན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་བཅས་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    བོད་ཀྱི་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ་ཆེ་དགྲ་ལྷས་རྣམ་གྲངས་འཛུགས་སྐྲུན་གྱི་དཀའ་གནད་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ། རྣམ་གྲངས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡིན་པའི་རྒོད་དཀར་ལ་ཕུག་ལམ་དུ་ཕེབས་ནས་ཨར་ལས་བྱེད་བཞིན་པའི་ལས་མི་དང་གླེང་མོལ་ཡང་གནང་སྟེ་ཚང་མའི་གཟུགས་པོའི་གནས་ཚུལ་བཀའ་འདྲི་གནང་བ་དང་། ཁོང་ཚོར་ངེས་པར་དུ་འགོག་སྲུང་བྱ་ཐབས་ཡག་པོ་སྤྱོད་པ་དང་ལས་ཀ་བྱེད་སྐབས་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། ཁོང་གིས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྤྱོད་ཚུལ་བཟང་པོའི་ཐོག་ནས་རྣམ་གྲངས་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས་ཐོག་མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་སྟབས་བདེ་ཡོང་བའི་རེ་བ་གསར་པ་སྐོང་ཐུབ་པ་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།