དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-30

    ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཚེས་23ནས་26ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང(གྲོང་གསེབ་དར་རྒྱས་འགོ་ཁྲིད་ཚོགས་ཆུང)གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དགོན་སྡེའི་ཞབས་ཞུ་དོ་དམ། མཐའ་མཚམས་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན། ཡུལ་སྐོར་རིག་གནས་ཐོན་ལས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་འབྲེལ་ཡོད་བྱེད་སྒོར་ཕེབས་རོགས་ཞུས་པ་རེད།

    སྐྱིད་གྲོང་རྫོང་ཐུགས་ལྷོད་ཐང་ཇོ་མོ་གླང་མའི་ལུག་གསོ་ཚགས་རྟེན་གཞི་དང་། དིང་རི་རྫོང་ཇོ་མོ་གླང་མའི་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་རྒྱུད་སྤེལ་རྟེན་གཞི། ས་སྐྱ་རྫོང་བོད་བྱའི་རྒྱུད་པ་གསོ་ཚགས་རྟེན་གཞི་བཅས་སུ་ཡན་ཅིན་ཧའེ་ཡིས་ས་གནས་ས་ཐོག་ཏུ་སྣ་ཁ་འདེམས་གསོ་དང་། གཟན་རྩྭ་འདེབས་འཛུགས། སྤུས་རྟགས་གཏོད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་ལེགས་བཅོས་ལ་དམ་འཛིན་ཡག་པོ་བྱེད་པ་དང་རྒྱུད་པ་སྲུང་སྐྱོང་གི་ཚོད་ལྟའི་རྟེན་གཞི་བསྐྲུན་ནས་ཧོར་ལུག་དང་གཡག་ཁམ་པ་སོགས་ས་གནས་ཀྱི་རྒྱུད་པ་འདེམས་གསོ་ལེགས་བཅོས་དང་ལེགས་འདེམས་རྒྱ་སྐྱེད་གཏོང་དགོས། གཟན་རྩྭ་འདེབས་འཛུགས་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། རྩྭ་འདེབས་ལས་གཉེར་དང་རྩྭ་ལས་སྔོན་ལ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་སྤུས་ལེགས་གཟན་རྩྭའི་གཟན་ཆག་རྟེན་གཞི་ཧུར་ཐག་སྐྲུན་དགོས། ཐོན་སྐྱེད་བྱེད་སྟངས་ལེགས་བཅོས་ཤུགས་ཆེན་དང་། ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེར་གཏོང་། ལག་རྩལ་མ་རྐང་དུ་འཇོག་རྒྱུ་ཁྱབ་གདལ་གཏོང་བ་བཅས་བྱེད་དགོས། སྐྱེ་ལྡན་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ལས་རིགས་འཕེལ་རྒྱས་བཏང་ནས་ལྗང་མདོག་བདེ་ཐང་གི་སྤུས་རྟགས་གཏོད་དགོས། གཞི་ཁྱོན་ཅན་དང་ཞིབ་ལས་ཅན་གྱི་ཐོན་སྐྱེད་མཐའ་འཁྱོངས་བྱས་ནས་མངགས་ཐོ་རྣམ་པའི་ཕྱིར་ཚོང་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། ཐོན་རྫས་ཀྱི་ཐུམ་སྒྲིལ་ལེགས་སུ་བཏང་ནས་ཁྲོམ་རར་ཁྱབ་གདལ་ཡག་པོ་གཏོང་བ་དང་ཁ་གཏད་རོགས་སྐྱོར་གྱི་གོ་སྐབས་དམ་འཛིན་བྱས་ཏེ་ཕྱིར་གཏོང་ཚོང་དོན་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་སྐྱིད་ཕུག་གྲོང་ཚོ་དང་། རྟ་དམག་གྲོང་ཚོ། དིང་རི་རྫོང་བོད་རུམ་འཁལ་འཐག་རྟེན་གཞི། བཀྲ་ཤིས་འཛོམས་ཤང་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ་། གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་པད་སྒང་གྲོང་ཚོ་བཅས་སུ་བརྟག་ཞིབ་གནང་སྐབས། ཡན་ཅིན་ཧའེ་ཡིས་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱས་ནས་བོད་རུམ་སོགས་ཁྱད་ལྡན་ཐོན་རྫས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་སྟེ་ལྟ་བར་འགྱུར་ལྡོག་གཏོང་བར་སྐུལ་འདེད་གཏོང་དགོས། ས་གྲོལ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་འདེབས་འཛུགས་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་ཐོན་རྫས་ཀྱི་ཚད་གཞི་བདེན་དཔང་ར་སྤྲོད་བྱེད་པ་དང་ཐོན་ལས་འཁོར་འབྲེལ་རིང་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    དིང་རི་རྫོང་ཕུ་ཆུ་སྐྱེ་ཁམས་ནགས་ཤིང་དང་ཇོ་མོ་གླང་མའི་སྒར་ས་ཆེ་མོར་ཡན་ཅིན་ཧའེ་ཡིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བྱེ་འགོག་བྱེ་བཅོས་འདུ་འགོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྐྱེ་ཁམས་ཕན་འབྲས་འགན་ལེན་བྱེད་པ་དང་ཆབས་ཅིག དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་བཏང་ནས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་དགོས། གད་སྙིགས་གཙང་སེལ་བྱེད་ཤུགས་ཆེ་རུ་བཏང་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་ཇོ་མོ་གླང་མའི་གནམ་སྔོན་ས་གཙང་དང་། རྩྭ་རྩི་ཤིང་། སྲོག་ཆགས་བཅས་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་ཡན་ཅིན་ཧའེ་ཡིས་ད་དུང་ཟླ་བ་དང་། ལུང་འོད། སྐར་མ་བཅས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཁོང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། ཁོང་ཚོར་ཏང་གི་བཀའ་དྲིན་སེམས་ལ་བརྟན་པོར་ངེས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་དང་ཕ་ཡུལ་འཛུགས་སྐྲུན་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།