དབུ་ཤོག>སྲིད་དོན།
  • ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-27

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

     ཚེས་23ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཆེན་ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་གི་མཐའ་མཚམས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་ཚོར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་རྟེན་འབྲེལ་གློག་འཕྲིན》དང་དེ་བཞིན་ཀྲུའུ་ཞི་དབང་དབྱང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། 《བོད་རང་སྐྱོང་ལྗོངས་ཀྱི〈ཆོས་ལུགས་ལས་དོན་སྲོལ་ཡིག〉ལག་བསྟར་བྱ་ཐབས(བཟོ་བཅོས་འཆར་ཟིན)》ལ་ཞིབ་འཇུག་བྱས་པ། 2021ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྱི་སྙན་སེང་གསན་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིས་ཡུན་ནན་ཞིང་ཆེན་ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་གི་མཐའ་མཚམས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་ཚོར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གསུང་བཤད་གལ་ཆེན་དང་བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ། ཀྲུའུ་ཞི་དབང་དབྱང་བོད་དུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་སློབ་སྦྱོང་དང་ཟུང་འབྲེལ་བཅས་བྱས་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ནང་གི་མཐའ་མཚམས་སྟོབས་ཆེན་སྐོར་གྱི་བླང་བྱ་ཁག་ལྟར་ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ་དང་། མཐའ་མཚམས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བཅས་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཚད་མཐོའི་མཐོང་ཆེན་གནང་སྟེ། ཟླ་7ཚེས་21ནས་23ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་རང་ལྗོངས་སུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུས་པ་དང་འབྲེལ། རྟེན་འབྲེལ་ཆེན་པོ་འཆར་ཉེའི་མཚམས་སུ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ཆེད་མངགས་རྟེན་འབྲེལ་གློག་འཕྲིན་བཏང་བ། ཀྲུའུ་ཞི་དབང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རྟེན་འབྲེལ་བྱེད་སྒོ་ཁག་ལ་ཞུགས་པ་བཅས་ནས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་གྱི་ཡོད་ལ། བོད་ཀྱི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་དང་དམིགས་བསལ་ཐུགས་ཁུར་གནང་ལུགས་ཀྱང་གང་ལེགས་མཚོན་གྱི་ཡོད། ད་ཐེངས་ཀྱི་རྟེན་འབྲེལ་ཆེན་པོའི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བ་ལས། བོད་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བ་དང་ཞི་མཐུན་བརྟན་ལྷིང་ཡིན་པའི་རྣམ་པ་བཟང་པོ་དང་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པ་ཕྱོགས་ཡོངས་ནས་མཚོན་པ་དང་། བོད་ཀྱི་ལས་དོན་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་ཕྱོགས་ཡོངས་ནས་མཚོན་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་དང་སྐྱེས་སྟོབས་ཀྱི་དཔལ་འབར་བའི་བསམ་པའི་ཉམས་འགྱུར་ཕྱོགས་ཡོངས་ནས་མཚོན་གྱི་ཡོད། དེ་ལས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་གུས་བཀུར་དང་ཏང་ཀྲུང་དབྱང་ལ་བརྩི་བཀུར་ཞུས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། སྙིང་ཁོང་རུས་པའི་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ། འགྱུར་མེད་དམ་བཅའ་བཞག་ནས་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་པ་དང་། གངས་ལྗོངས་ཀྱི་བུ་ཕྲུག་གིས་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱེད་པ་དང་། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པ། བློ་སྟོབས་ཆེན་པོས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་པ་བཅས་ཀྱི་བློ་སྟོབས་ཤུགས་ཆེན་འཕེལ་བ། བསམ་བློ་གཅིག་གྱུར་དང་། སྟོབས་ཤུགས་གཅིག་སྒྲིལ། མི་སེམས་སྐུལ་ལྕག ངར་ཤུགས་འཕེལ་བ་བཅས་ཀྱི་ནུས་པ་ཐོན་པ། ཆབ་སྲིད་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དྲིལ་བསྒྲགས་ཀྱི་ཕན་འབྲས་བཅས་ཚད་མཐོའི་གཅིག་གྱུར་བྱུང་ཡོད། ང་ཚོས་སླད་ཕྱིན་ལས་དོན་སྒྲུབ་རིང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་ཏན་ཏིག་རྟོགས་པར་བྱས་ཏེ། འདི་རང་ངོས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་སྒུལ་ཤུགས་དང་། བསམ་བློའི་སྒུལ་ཤུགས། སྙིང་སྟོབས་ཀྱི་སྒུལ་ཤུགས་བཅས་ཆེན་པོ་ཞིག་ལ་གྱུར་པར་བྱས་ནས“དོན་ཆེན་བཞིར”སྐུལ་འདེད་ཏན་ཏིག་གཏོང་བ་དང་། “འགན་ལེན་བཞི”མངོན་འགྱུར་ཧུར་ཐག་བྱེད་པ། བློ་སྟོབས་མི་ཉམས་པར་ཏང་གི་ལས་དོན་སྒྲུབ་པ་དང་། ཏང་གི་སེམས་ཁྲལ་སེལ་བ། ཏང་ལ་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི“ཚད་གཞི་བཞི”དང“ཕན་འདོགས་པ་ལྔའི”བླང་བྱ་མཐའ་འཁྱོངས། མངོན་གསལ་དོད་པའི་གནད་དོན་ཕྱོགས་སྟོན་དུ་འཛིན་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་ལ་བརྟེན་ནས་ཐོན་པའི་ཤུགས་རྐྱེན་ངན་པ་རྒྱུན་སྲིང་ལྷོད་མེད་དང་དར་ཆ་གསལ་སྟོན་ངང་བསལ་ཏེ། བོད་བརྒྱུད་ནང་བསྟན་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་སྐྱོད་པའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་2021ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་སྤྱི་བདེའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་འགན་ལེན། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ལ་སྐུལ་སྤེལ། མི་དམངས་བདེ་སྡོད་ལས་བརྩོན་འགན་ལེན་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད། གོམ་སྟབས་རྗེས་མའི་ལས་དོན་ལ་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་ལག་ལེན་བསྟར་ཏེ་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་སྲུང་སྐྱོང་ཧུར་ཐག་བྱེད་པ་ནས་ལྷག་བསམ་རྣམ་དག་མངོན་པར་བྱས་ཏེ། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ། གནས་ཚུལ་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ་བཅས་མཐའ་འཁྱོངས་བྱེད་པ། མངའ་ཁོངས་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་སིམ་འཛུལ་གྱི་གཏོར་བཤིག་བྱེད་སྤྱོད་ལ་འགོག་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་གཏོང་བ་བཅས་ཀྱིས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཏང་གིས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱེད་པ་ནས་ལྷག་བསམ་རྣམ་དག་མངོན་པར་བྱས་ཏེ། རྒྱ་ཆེའི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།