དབུ་ཤོག>སྲིད་དོན།
  • ཆེ་དགྲ་ལྷས་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་ལིའུ་ཨའེ་ལི་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-25

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ལིའུ་ཨའེ་ལི་བཅས་པ་དང་ལྷ་སར་བཞུགས་མོལ་གནང་ནས་ཕྱོགས་གཉིས་ཀྱིས་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་སྐོར་ལ་སྤེལ་རེས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཕེབས་པ་རེད།

    ཆེ་དགྲ་ལྷས་ཀྲུང་གོ་སྦྲག་སྲིད་ཚོགས་པས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་མིག་སྔར་རང་ལྗོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ་ཀྲུང་གོ་སྦྲག་སྲིད་ཚོགས་པའི་བརྟག་ཞིབ་ཚོགས་ཆུང་དང་བཅས་པ་ཆེད་མངགས་བོད་དུ་ཕེབས་ནས《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི》དྲན་རྟེན་སྦྲག་འཛིན་འགྲེམས་སྤེལ་གྱི་མཛད་སྒོར་ཞུགས་པ་དང་འབྲེལ་བརྟག་ཞིབ་ཀྱང་གནང་བ་དེ་ཐོག་ནས་ཀྲུང་གོ་སྦྲག་སྲིད་ཚོགས་པས་བོད་ཀྱི་ལས་དོན་ཐད་གནང་བའི་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་མཚོན་ཐུབ་ཀྱི་ཡོད།

    ཕྱོགས་གཉིས་ཀྱིས་དུས་མཚམས་གསར་པ་དང་། དུས་བབ་གསར་པ། བླང་བྱ་གསར་པ་བཅས་ལ་གཞི་ཚུགས་ནས་དེང་རབས་ཟོག་འགྲེམས་མ་ལག་འཛུགས་སྐྱོང་དང་དངུལ་རྩས་རྒྱབ་སྐྱོར་དང་དྲ་ཐོག་ཚོང་དོན་གྱིས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་གཉིས་ཁེ་གཉིས་ཕན་དང་བྱས་རྗེས་སྔར་བས་ཆེ་བ་འཇོག་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།

    ལིའུ་ཨའེ་ལིས་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་ལས་སྒོ་གཉེར་ཚུལ་དང་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གོ་སྦྲག་སྲིད་ཚོགས་པའི་གཞི་ཁྱོན་ཆེ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཀྱི་དོན་དངོས་ལ་དམ་པོར་དམིགས་ནས་དངུལ་རྩ་དང་། དེང་རབས་ཟོག་འགྲེམས། དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྔར་བས་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།