དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-10

    ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་ཚེས་6ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་དང་། སློབ་སྦྱོང་། ལག་བསྟར། ལས་དོན་ལ་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲོང་ཡན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་རང་ལྗོངས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་མཛུབ་སྟོན་གལ་ཆེན་གནང་ནས་བླང་བྱ་ཁ་གསལ་བཏོན་གནང་བ་ལས། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་བརྟན་ལྷིང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་གྱི་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་སྒུལ་ཤུགས་གཙོ་བོར་བརྩིས་ནས་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འཕྲད་པའི་དུས་བབ་གསར་པ་ཁོང་དུ་ཡང་དག་ཆུད་པ། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་གཏིང་ཟབ་བྱེད་པ། མང་ཚོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། བརྟན་ལྷིང་མིན་པའི་རྒྱུ་རྐྱེན་ཚང་མ་མཐའ་གཅིག་ཏུ་བསལ་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ཡོང་བར་བྱེད་དགོས།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། བརྟན་ལྷིང་སྲུང་སྐྱོང་ཐད་རིག་པ་ལྕགས་སྐུད་བཞིན་དུ་བསྒྲིམས་ནས་མིག་སྔའི་བརྟན་ལྷིང་དང་འབྲེལ་བའི་ལས་དོན་གྱི་དུས་བབ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཞིབ་ཕྲ་བྱེད་པ། ལྟེ་བའི་ཁུལ་ཁོངས་དང་གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་པ། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ། སྒྲིག་འཛུགས་ཚགས་ཚུད་དང་བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་བསྒྲུབས་ཏེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ལ་དྲིན་ལན་འཇལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།