དབུ་ཤོག>སྲིད་དོན།
  • ལྷ་ས་གོང་དཀར་གནམ་ཐང་གི་T3གནམ་ཐང་བབས་ཚུགས་དངོས་སུ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-09

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་ཀྱི་ཚེས་7ཉིན་གྱི་སྔ་དྲོ། ལྷ་ས་གོང་དཀར་གནམ་ཐང་གི་T3གནམ་ཐང་བབས་ཚུགས་དངོས་སུ་སྤྱོད་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། ལྷ་ས་གོང་དཀར་གནམ་ཐང་གི་T3གནམ་ཐང་བབས་ཚུགས་བསྐྲུན་ནས་སྤྱོད་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། དཀའ་སྤྱད་ངལ་རྩོལ་བྱེད་མཁན་འཛུགས་སྐྲུན་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་ཞུས་པ། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་འབྲེལ་ཡོད་ཕྱོགས་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ལྷ་ས་གོང་དཀར་གནམ་ཐང་གི་T3གནམ་ཐང་བབས་ཚུགས་བསྐྲུན་པ་དེའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཟབ་མོ་བཅས་འདུས་ཡོད་པས། དེ་ནི་ལྷ་ས་གོང་དཀར་གནམ་ཐང་གི་མ་འཇོག་གཞི་ཁྱོན་ཆེ་ཤོས་དང་། བཟོ་རྩལ་བརྒྱུད་རིམ་རྙོག་འཛིང་ཆེ་ཤོས། རིག་ནུས་ཅན་གྱི་ཚད་གཞི་མཐོ་ཤོས་བཅས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཤིག་རེད། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་དང་འཛུགས་སྐྲུན་པ་ཡོངས་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་སྒྲིག་འཛུགས་ཞིབ་ཚགས་དང་། ཚན་རིག་དང་མཐུན་པའི་ངང་ཨར་སྐྲུན། མཐུན་སྒྲིལ་མཉམ་ལས། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ། ལས་གྲྭ་དུས་བཀག་ལྟར་བསྐྲུན་ནས་སྤྱོད་ཐུབ་པའི་འགན་ལེན་བྱས་པ་དེ་ཐོག་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་ཆུ་ཚད་གསར་པ་དང་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།

    རྟེན་འབྲེལ་འཕྲིན་ཡིག་ནང་ནན་བཤད་བྱས་དོན། མིག་སྔར་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་ཚན་པ་ཁག་གིས་མཁའ་འགྲུལ་གྱི་བདེ་འཇགས་འགན་ལེན་བྱས་ནས་གནམ་ཐང་གཉེར་སྐྱོང་གི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་། མཁའ་འགྲུལ་ཐོན་ལས་ཀྱི་ཁྱབ་འགྱེད་ནུས་པ་ཆེ་རུ་གཏོང་བ། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་ཆུ་ཚད་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

    T3གནམ་ཐང་བབས་ཚུགས་དངོས་སུ་སྤྱོད་འགོ་ཚུགས་པའི་སྔ་ནུབ་ཏུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་ལི་ཞའོ་ཕུང་གིས་ཆེ་དགྲ་ལྷའི་ཕེབས་རོགས་འོག་ཚེས་6ཉིན་གྱི་ཕྱི་དྲོ་དེ་གར་བརྟག་ཞིབ་གནང་བར་ཕེབས་པ་རེད། ལི་ཞའོ་ཕུང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱི་འབད་བརྩོན་ལྷོད་མེད་བཅས་ཀྱི་འོག་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་རེད། ཁོང་གིས། དམངས་སྤྱོད་མཁའ་འགྲུལ་ནི་བོད་ཀྱིས་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་གཏོད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཐུབ་པ་བཅས་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་མཐའ་མཚམས་སྲ་བརྟན་གཏོང་བ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བཅས་དང་འབྲེལ་བ་ཡོད་པས་དེར་དོན་སྙིང་གལ་ཆེན་ལྡན་ལ་འགན་འཁྲི་ཡང་ལྕི་པོ་ཡོད། བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་ཡང་འབད་བསྐྱར་འབད་དང་མུ་མཐུད་འབད་བརྩོན་བྱས་ཏེ། དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བར་བྱས་ནས་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་ཞབས་འདེགས་ཞུ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།