དབུ་ཤོག>སྲིད་དོན།
  • འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-09

    ཚེས་4ཉིན་གྱི་སྔ་དྲོ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཇུས་གཞི་ཆེན་པོར་ཐུན་མོང་ཐོག་གྲོས་བསྡུར་བྱེད་དགོས་པའི་སྐུལ་སློང་བྱས་པ་རེད།

    འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་ལི་ཞའོ་ཕུང་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཤིས་ཚིག་སྒྲོན་པ། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་གཞོན་པ་ཝང་ཀྲེ་ཆིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ཚོགས་འདུར་ཞུགས་པ་རེད།

    ལི་ཞའོ་ཕུང་གིས་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་བདེ་འཇགས་དང་མཐའ་མཚམས་སྲ་བརྟན་དང་འབྲེལ་བ་ཡོད་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ། ལག་བསྟར་མཐར་ཕྱིན། དོན་འཁྱོལ་ཏན་ཏིག་བཅས་བྱས་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་རྩ་འཛུགས་ཀྱི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཡག་པོ་གཏོང་བར་མུ་མཐུད་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བོད་སྐྱོར་ལས་དོན་གྱི་ཕན་འབྲས་མཐོ་རུ་གཏོང་བར་ཕྱར་བ་གྲུ་འདེགས་བྱས་ཏེ་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། གཅིག་ནས་བོད་ནས་འགྲོ་འོང་བྱེད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་བགྲོད་ལམ་འཛུགས་སྐྲུན་ཤུགས་རྒྱག་སར་བྱས་ཏེ་འགྲིམ་འགྲུལ་ཕྱོགས་བསྡུས་དྲ་རྒྱ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་མཐའ་མཚམས་ཀྱི་གཞུང་ལམ་མ་ལག་འཛུགས་སྐྲུན་གཙོ་གནད་དུ་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས་པ། གསུམ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ཏན་ཏིག་བྱེད་དགོས་པ། བཞི་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ཕྱིར་སྐྱོད་དང་དེ་བཞིན་ཟོག་འགྲེམས་ཞབས་ཞུའི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་པ། ལྔ་ནས་དོ་དམ་བདག་སྐྱོང་དང་འཕྲལ་སྡོམ་འགན་ལེན་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་དགོས་པ། དྲུག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ལ་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་གི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས། ཝུའུ་དབྱིང་ཅེས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བོད་སྐྱོར་ལག་ལེན་དངོས་ལས་བོད་སྐྱོར་ལས་དོན་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་འགྲན་ཟླ་བྲལ་བའི་དྲོ་སྐྱིད་མངོན་ཡོད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་བ་དང་རྒྱལ་ཡོངས་མི་དམངས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཡོད། མིག་སྔར་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད། རྒྱུགས་འབུལ་ལམ་བུ་གསར་པའི་ཐོག་ང་ཚོས“དོན་ཆེན་བཞི”ལ་དམ་འཛིན་བྱེད་པ་དང་། “འགན་ལེན་བཞི”མངོན་འགྱུར་ཡོང་བ་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་དོན་འཁྱོལ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱི་རྒྱབ་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་སྔར་རྒྱུན་བཞིན་ང་ཚོར་རྒྱབ་སྐྱོར་དང་མཛུབ་ཁྲིད་དང་སྲིད་ཇུས་ཀྱི་གཟིགས་སྐྱོང་གནང་ནས་སྤུས་ཚད་དེ་བས་མཐོ་བའི“མཐུན་སྒྲིལ་ལམ་བུ”དང“བདེ་སྐྱིད་ཀྱི་ལམ་བུ”རོགས་བསྐྲུན་གནང་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་གསུངས་པ་རེད།

    ཆེ་དགྲ་ལྷས་ཤིས་ཚིག་གསུངས་སྐབས་ང་ཚོས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ད་ལྟའི་གོ་སྐབས་བཟང་པོར་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ་སྦྲེལ་མཐུད་དོན་འཁྱོལ་གྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང་བྱ་ཐབས་ཞིབ་ཚགས་དང་ནན་ཏན་བཟོས་ཏེ། བོད་སྐྱོར་མ་དངུལ་ཚང་མ་གནད་སྨིན་དོན་འཁྱོལ་ཡོང་བ་དང་། བོད་སྐྱོར་རྣམ་གྲངས་ཚང་མར་དོ་དམ་ཡག་པོ་བྱེད་པ། བོད་སྐྱོར་ལས་བྱེད་པ་ཚང་མར་གཅེས་སྐྱོང་ཡག་པོ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།