དབུ་ཤོག>སྲིད་དོན།
  • ཝུའུ་དབྱིང་ཅེས་དབན་ཀང་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-06

     ཟླ་8ཚེས་4ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་དབན་ཀང་དང་བཞུགས་མོལ་གནང་བ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སློབ་གསོ་དང་། ཚན་རིག འཕྲོད་བསྟེན། ལུས་རྩལ་བཅས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཚའོ་ཅན་ལིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སློབ་གསོ་དང་། ཚན་རིག འཕྲོད་བསྟེན། ལུས་རྩལ་བཅས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲང་རུང་ཅུན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་ལིའུ་ཅང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    ཝུའུ་དབྱིང་ཅེས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དགའ་བས་བསུ་བ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཧུར་ཐག་གཏོད་པའི་སྐབས་སུ། ཀྲུའུ་ཞི་དབན་ཀང་དང་བཅས་པ་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་དེ་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་དང་། ཀྲི་ཀུང་ཏང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་གྱི་ཡོད་ཅེས་གསུངས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས། ཀྲུའུ་ཞི་དབན་ཀང་དང་བཅས་པ་བོད་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། རྒྱལ་ཡོངས་སྲིད་གྲོས་དང་། ཀྲི་ཀུང་ཏང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཝུའུ་དབྱིང་ཅེས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་དོན་ནི་གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བར་རག་ལུས་པ་དང་། གཙོ་བོ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བཅས་ལ་རག་ལུས་ཡོད། དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚད་མེད་མངོན་པ་དང་། ཀྲུང་གོ་གུང་ཁྲན་ཏང“འཇོན”དོན་དང་། མར་ཁེ་སི་རིང་ལུགས“འགྲིག”དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས“ཡག”དོན་བཅས་ར་སྤྲོད་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས། ཉེ་བའི་ལོ་ཤས་རིང་གི་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཚན་རྩལ་གསར་གཏོད་སོགས་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་མདོར་བསྡུས་གནང་ཞིང་། ཁོང་གིས་དུས་ཡུན་རིང་པོའི་ནང་རྒྱལ་ཡོངས་སྲིད་གྲོས་དང་། ཀྲི་ཀུང་ཏང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྣམ་གྲངས་དང་། མ་དངུལ། ཤེས་ལྡན་མི་སྣ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་བས་བོད་ཀྱི་སྐྱེ་ཁམས་དང་ཚན་རྩལ་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་པ་དང་། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ད་རེས་བརྟག་ཞིབ་ལ་ཕེབས་པའི་རིགས་གཅིག་མཁས་ཅན་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་གཟིགས་ཞིབ་གནང་སྐབས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཞིགས་པ་དང་། ལས་གྲྭ་འཛུགས་སྐྲུན་དང་། ཁོར་ཡུག་སྲུང་སྐྱོང་། གནོད་འཚེ་འགོག་སྲུང་། སྨན་བཅོས་འགན་སྲུང་སོགས་ཐད་ལ་དམིགས་པ། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བཅས་བྱས་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱེད་རྒྱུའི་རེ་བ་ཡོད། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་དང་ཟུང་འབྲེལ་བྱེད་པ་དང་ཚན་རྩལ་ཤེས་ལྡན་མི་སྣའི“ཚོགས་སྒྲིག་ཆུང་ངུའི”བོད་སྐྱོར་བྱེད་སྟངས་སོགས་ལ་བརྟེན་ནས། བོད་ཀྱི་ནས་ཀྱི་ཐོན་འཕར་དང་འབྲི་གཡག་བཤས་གཏོང་སོགས་ལ་རམ་འདེགས་བྱེད་པའི་ཐད་རྒྱབ་སྐྱོར་དེ་བས་མང་བ་བྱེད་པ་དང་། ཚན་རྩལ་གྱིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བོད་ཀྱིས་ཆུ་ནུས་དང་། ཉི་ནུས། ས་འོག་ཚ་ནུས་སོགས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ཚན་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བར་མཛུབ་ཁྲིད་བཅས་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    དབན་ཀང་གིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། སྙིང་དབུས་ནས་རྟེན་འབྲེལ་ཡང་ཞུས་པ་རེད། ཁོང་གིས་ད་ཐེངས་བརྟག་ཞིབ་བྱེད་སྐབས་བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་དར་རྒྱས་གོང་འཕེལ། དམངས་འཚོར་ལེགས་བཅོས་ཆེན་པོ་བྱུང་བ། སྐྱེ་ཁམས་ཁོར་ཡུག་བཟང་བ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ལྡན་པ་བཅས་མཐོང་སྐབས། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་ཐུགས་ཁུར་འོག བོད་ཀྱི་ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་གཏིང་ཟབ་ཚོར་བྱུང་ཞེས་གསུངས་པ་རེད། དབན་ཀང་གིས་རྒྱལ་ཡོངས་སྲིད་གྲོས་དང་། ཀྲི་ཀུང་ཏང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བོད་ཀྱི་གཙོ་གནད་རྣམ་གྲངས་དང་། ཁྱད་ལྡན་ཐོན་ལས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ལ་སྔར་བས་དམིགས་ནས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ལ་མུ་མཐུད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།