ཚེས་2ཉིན་གྱི་སྔ་དྲོ། 2021ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་ལྷ་སའི་ཡན་ལག་ཚོགས་རའི་ཚོགས་འདུ་ལྷ་ས་མཐོ་གསར་ཁུལ་གྱི་ཉིང་སོན་གྲངས་གཞི་ཆེ་མོའི་ཐོན་ལས་རྟེན་གཞིར་འགོ་ཚུགས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་ཚོགས་ཆེན་ལ་ཞུགས་པ་དང་ཤིས་ཚིག་གསུངས་པ་རེད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝུའུ་ཀོང་ཧུའེ་ཚོགས་འདུར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་སྙན་སྒྲོན་ཡང་གནང་བ་རེད།
ཡན་ཅིན་ཧའེ་ཡིས། ད་ཐེངས་ཀྱི་ཚོགས་ཆེན“གྲངས་འཛིན་ཟམ་པ་ཧི་མ་ལ་ཡ་བརྒལ་བ”ཞེས་བརྗོད་དོན་གཙོ་བོར་བྱས་པ་དེ་ཐོག་ནས་བོད་ཀྱི་གྲངས་འཛིན་དཔལ་འབྱོར་འགོ་འཛུགས་ས་གསར་པར་སླེབས་པ་མཚོན་ཡོད། ང་ཚོས་ད་ཐེངས་ཀྱི་ཚོགས་ཆེན་གོ་སྐབས་སུ་བྱས་ཏེ་སྒོ་དབྱེ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཐོན་ལས་གྲངས་འཛིན་ཅན་དང་གྲོང་ཁྱེར་རིག་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་རྒྱུ་ཡིན།
རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་མཛུབ་ཁྲིད་རྒྱབ་སྐྱོར་དང་འབྲེལ་ཟམ་བཙུགས་ནས་ཕྱོགས་ཁག་གི་ཤེས་ལྡན་མི་སྣ་རྟོག་ཞིབ་དང་མ་དངུལ་འཇོག་པར་མང་ཙམ་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད། ང་ཚོས་བསམ་པ་རྣམ་དག་ངང་གཟིགས་སྐྱོང་ཆེ་ཤོས་ཀྱི་སྲིད་ཇུས་མཁོ་འདོན་བྱས་ཏེ་སྤྱི་ཚོགས་ཡོངས་སུ་གྲངས་འཛིན་དཔལ་འབྱོར་ལ་མཐོང་ཆེན་དང་། གྲངས་འཛིན་དཔལ་འབྱོར་ཤེས་རྟོགས། གྲངས་འཛིན་དཔལ་འབྱོར་ལ་རྒྱབ་སྐྱོར། གྲངས་འཛིན་དཔལ་འབྱོར་ལ་སྲུང་སྐྱོང་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་དེ་ལས་རིགས་ཁག་གི་གྲོགས་པོ་ཚོ་ལྷ་སར་བློ་བདེ་པོས་མ་དངུལ་འཇོག་པ་དང་། སྤྲོ་སྣང་ཆེན་པོས་ལས་གཏོད་བྱེད་པ། བློ་བདེ་པོས་འཕེལ་རྒྱས་གཏོང་བ་བཅས་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
འགོ་ཚུགས་ཚོགས་འདུའི་ཐོག ད་དུང་པེ་ཅིང་གྲངས་གཞི་ལྷ་ས་གསོག་འཇོག་གྲབས་ཉར་གྱི་འགོ་ཚུགས་མཛད་སྒོ་དང་ཚོགས་ཆེན་གྱི་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་རེད།
ཚོགས་འདུ་མ་འཚོགས་གོང་། ཡན་ཅིན་ཧའེ་དང་བཅས་པས་ལྷ་སའི་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཀྱི་མཚོན་བྱེད་རང་བཞིན་གྱི་ཁེ་ལས་ལ་ལྟ་སྐོར་གནང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ཟླ་8ཚེས་2དང་3ཉིན་པེ་ཅིང་རྒྱལ་ཁབ་ཚོགས་འདུ་ལྟེ་གནས་སུ་འཚོགས་ཤིང་། བོད་ལྗོངས་ལྷ་སར་དུས་གཅིག་ཏུ་ཡན་ལག་ཚོགས་ར་བཙུགས་པས་ཡན་ལག་ཚོགས་ར་གསུམ་གྱི་གྲས་ཤིག་ཏུ་གྱུར་ཡོད། བྱེད་སྒོ་སྤེལ་རིང“གྲངས་འཛིན་ཟམ་པ་ཧི་མ་ལ་ཡ་བརྒལ་བའི་འཕེལ་རྒྱས་གླེང་སྟེགས”དང་། “གྲངས་འཛིན་ལྷ་ས་·རྩིས་ནུས་ཚད་མེད”ཀྱི་ཡན་ལག་གླེང་སྟེགས་དང་ལྷ་སའི་གྲངས་འཛིན་དཔལ་འབྱོར་ཐོན་ལས་དང་ཁྱད་ལྡན་འཛད་རྫས་ཐོན་ལས་མ་འཇོག་འོས་སྦྱོར་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། སྲིད་གཞུང་དང་། སློབ་གྲྭ ཚན་ཞིབ། ཁེ་ལས་སོགས་ཀྱི་འགོ་ཁྲིད་དང་། ཡོན་ཧྲི་དང་རིགས་གཅིག་མཁས་ཅན། ཁེ་ལས་མཁས་ཅན་བཅས་ཀྱིས“ཆུང་ལ་མཛེས་པ་དང་། ཆུང་ལ་ཁྱད་ཆོས་ལྡན་པ། ཆུང་ལ་ལེགས་པ”བཅས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་ལེགས་ཆ་གསར་པ་གཏོད་པའི་ཐབས་ལམ་དང་བྱེད་ཐབས་ཞིབ་འཇུག་བྱས་ནས་གསར་གཏོད་བྱས་ཏེ་ལྷ་སའི་གྲངས་འཛིན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིམ་པ་མཐོ་བའི་ཐབས་ཇུས་བློ་འདྲི་མཁོ་འདོན་བྱས་ཡོད།