དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-03

    887197_yis_1627920000000_s.jpg

    བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་སྔ་ནུབ་ཏུ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་སར་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་སྟེ། ཚང་མ་དང་མཉམ་དུ་དམག་བཙུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་གླེང་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་དྲག་ཆས་ཉེན་རྟོག་དཔོན་དམག་གི་སྒྲིག་ཆས་དང་། སྦྱོང་བརྡར། འཚོ་བ་སོགས་སྐོར་བཀའ་འདྲི་གནང་བཞིན་པ།

    བརྒྱད་གཅིག་དམག་བཙུགས་དུས་ཆེན་གྱི་སྔ་ནུབ་ཏུ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱིས་ལྷ་སར་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་སྟེ། ཚང་མ་དང་ལྷན་དུ་དམག་བཙུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་གླེང་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་སོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་ལིའུ་ཅང་བཅས་ལྷན་དུ་གཟིགས་པར་ཕེབས་ཡོད་པ་རེད།

    ཝུའུ་དབྱིང་ཅེས་དཔུང་སྡེ་བཅའ་སྡོད་སྦྱོང་བརྡར་ལུས་རྩལ་ཐང་དང་དཔོན་དམག་ཚོའི་ཉལ་ཁང་དུ་ཕེབས་ཏེ་ཚང་མའི་སྦྱོང་བརྡར་དང་། འཚོ་བ། སློབ་སྦྱོང་བཅས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་དུས་ཆེན་གྱི་སྨོན་འདུན་དང་བླ་ན་མེད་པའི་གུས་འདུད་ཞུས་པ་དང་འབྲེལ་རྒྱ་ཆེའི་དཔུང་སྡེའི་དཔོན་དམག་གི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད། ཝུའུ་དབྱིང་ཅེས་འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རེད། ཟླ་7ཚེས་21ནས་23ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་བསྣམས་ནས་བོད་དུ་ལས་དོན་ལ་གཟིགས་ཞིབ་གནང་བར་ཕེབས་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་མ་ཟད། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ཡང་གནང་བ་དང་། བོད་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་དང་བླང་བྱ་ཁ་གསལ་བཏོན་གནང་ཡོད། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞིང་། འདི་ལས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་དམིགས་བསལ་གྱི་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་གྱི་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་རིང་རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ལྟེ་བར་དམིགས་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་པ་དང་། འགག་རྩའི་དུས་སུ་འཐབ་ས་དང་པོར་སྐྱོད་པ། ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་བཅས་བྱས་ཏེ། མཐའ་མཚམས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་བའི་ཆབ་སྲིད་ཀྱི་གཤིས་རྒྱུད་གསལ་འགྲེལ་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་བོད་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མིར་མཇལ་འཕྲད་གནང་སྐབས། བོད་སྡོད་དཔུང་སྡེས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་དུས་རབས་གསར་པར་ལས་དོན་ཁག་ཡག་པོ་སྒྲུབ་པར་བླང་བྱ་ཁ་གསལ་བཏོན་གནང་ཡོད། རྒྱ་ཆེའི་དཔུང་སྡེའི་དཔོན་དམག་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་རྟོག་ཞིབ་དང་བོད་སྡོད་དཔུང་སྡེའི་དཔོན་དམག་ཚོར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་བྱས་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་ལ་མཐའ་གཅིག་ཏུ་ཉན་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར་ནན་ཏན་བྱེད་པ། དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་པ། དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་ལ་མཐའ་གཅིག་ཏུ་འགོག་ཟོན་དང་རྡུང་རྡེག་ཚ་ནན་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་བདེ་སྐྱིད་བཅས་མཐའ་གཅིག་ཏུ་འགན་ལེན་བྱེད་དགོས། མི་དམངས་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལ་ཧུར་ཐག་ཞུགས་ཏེ་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ཀྱི་དམག་སྲིད་དང་དམག་དམངས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གཟིགས་པར་ཕེབས་སྐབས། བོད་ཀྱི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་རྒྱུས་མངའ་བྱུང་བ་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་རྒྱུས་ལོན་ནས་འགོ་ཚུགས་པ་ཞིག་རེད། རྒྱ་ཆེའི་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོས་ཡུན་རིང་བྱ་སྤྱོད་དངོས་ལ་བརྟེན་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཐུན་མོང་ཐོག་ཞུན་བརྡར་དང་། ཐུན་མོང་ཐོག་བརྟན་སྲུང་། ཐུན་མོང་ཐོག་དར་སྤེལ་བཅས་བཏང་ནས་དམག་གིས་དམངས་ལ་གཅེས་པ་དང་། དམངས་ཀྱིས་དམག་ལ་བཀུར་བ། དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པ་བཅས་ཀྱི་མི་སེམས་འགུལ་བའི་ལེའུ་བརྩམས་ཡོད་ཅེས་གསུངས་པ་རེད། བློ་བཟང་རྒྱལ་མཚན་གྱིས་རྒྱ་ཆེའི་བཀོད་འཐབ་པ་ཚོས་མི་དམངས་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱེད་པ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་པ། མཐའ་སྐྱོང་བོད་བརྟན་གྱི་རླབས་ཆེན་ལག་ལེན་ལ་ཧུར་ཐག་ཞུགས་པ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    གཟིགས་པ་དང་འཚམས་འདྲི་གནང་རིང་ཆེ་དགྲ་ལྷས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས“བཅིངས་འགྲོལ་དམག་མི”བརྒྱུད་གུང་ཁྲན་ཏང་རྒྱུས་ལོན་ཏེ་མི་དམངས་དམག་དཔུང་དང་དམིགས་བསལ་གྱི་བརྩེ་དུང་ཟབ་མོ་ཆགས་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁྱེད་ཚོས་མི་དམངས་དམག་དཔུང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ཏེ། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དམག་མིའི་བླ་སྲོག་དང་ཁྲག་རྒྱུན་རྒྱུན་མཐུད་བྱེད་པ་དང་། གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་གོ་རྟོགས་དེ་བས་མཐོ་རུ་གཏོང་བ། མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། མཐའ་མཚམས་སྲ་བརྟན། འཕྲལ་སྡོམ་ཐག་གཅོད། ཉེན་སེལ་རྒུད་སྐྱོབ། དམག་དམངས་མཉམ་སྐྲུན་སོགས་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཏེ་དགའ་སྐྱོ་གཉིས་ལྡན་གྱི་མི་སེམས་འགུལ་བའི་བྱས་རྗེས་འབོར་ཆེན་བཞག་པས་མི་རིགས་ཁག་གི་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། ཚང་མས་མཐའ་སྐྱོང་བོད་བརྟན་གྱི་བྱ་གཞག་ལ་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བྱས་ནས་བྱ་སྤྱོད་དངོས་ལ་བརྟེན་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དགའ་བས་བསུས་ཏེ་བོད་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུཌ་ལེགས་སྐྱེས་ཧུར་ཐག་འབུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    རྒྱ་ཆེའི་དཔོན་དམག་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་ཕུགས་འདུན་དོན་གཉེར་དང་དམག་དཔུང་སྟོབས་ཆེར་གཏོང་བ་དང་མཐའ་སྲུང་བོད་བརྟན་གྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་པ། དམག་སྦྱོང་དམག་གྲབས་ཀྱི་ལས་འགན་མཐའ་གཅིག་ཏུ་སྒྲུབ་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་དུས་དང་རྣམ་པ་ཀུན་ཏུ་ལག་ལེན་བསྟར་བ། དམག་དཔུང་སྟོབས་ཆེར་གཏོང་བ་དང་དར་རྒྱས་གཏོང་བའི་རླབས་ཆེན་ལག་ལེན་བསྟར་རིང་སླར་ཡང་འབྲས་བཟང་ཧུར་ཐག་གཏོད་པ་བཅས་བྱས་ཏེ། བོད་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་སྐྲུན་པའི་རྒྱང་སྐྱོད་ལམ་གསར་པ་འབྱེད་པར་སླར་ཡང་བྱས་རྗེས་གསར་པ་འཇོག་གི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།