ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་གཅིག་པ་ལྷ་སར་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་དང་། ནོར་བུ་དོན་གྲུབ། རྡོ་ཐོགས། ཞུས་ཞུའེ་ཀོང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འཆི་མེད་རིག་འཛིན། ཅི་གོ་ཀང་། མ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་། དེ་བཞིན་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་པ་རེད།
ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་སྐོར་གྱི་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གསལ་བཤད་གསན་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱིས《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་བོན་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས(བཟོ་བཅོས་འཆར་ཟིན)》དང《བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་འབྲས་སྐོར་སྙན་སེང་ཞུས་པ་དང་། འཆར་ཟིན་གྱི་གྲོས་ཞིབ་བྱེད་ཐེངས་གཉིས་པའི་མ་ཟིན་སྤྱིར་ན་གནད་སྨིན་འཐུས་ཚང་བྱུང་བའི་ངོས་འཛིན་བྱས་ཏེ། ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱེད་རྒྱུའི་གྲོས་འགོ་བཏོན་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་གནང་བའི《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྲོལ་ཡིག(འཆར་ཟིན)》སྐོར་གྱི་མ་ཟིན་གསལ་བཤད་གསན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ནང་སྲིད་ཁྲིམས་འཛིན་ལས་དོན་ཨུ་ལྷན་གྱིས་ཞིབ་བཤེར་བསམ་འཆར་གྱི་སྙན་ཞུ་གནང་བ། ཚོགས་འདུའི་ཐོག《ལྷོ་ཁ་གྲོང་ཁྱེར་གྱི་གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་སྲོལ་ཡིག》སྐོར་གྱི་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གསལ་བཤད་གསན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱིས་ཞིབ་བཤེར་སྙན་ཞུ་གནང་བ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གནང་བའི་ལྗོངས་ཡོངས་ཀྱི་སློབ་གསོའི་གྲོན་དངུལ་གཏོང་འཇོག་དང་བེད་སྤྱོད་དོ་དམ་བྱས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་རེད།
ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་གསན་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་རྗེས་འདེད་ཞིབ་བཤེར་ཚོགས་ཆུང་གིས《རང་སྐྱོང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་གྱི་སྙན་ཞུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར》དོན་འཁྱོལ་བྱས་ཚུལ་སྐོར་ལ་རྗེས་འདེད་ཞིབ་བཤེར་བྱས་པའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་སྙན་ཞུ་གསན་པ་རེད།
ཚོགས་འདུའི་ཐོག་ད་དུང་འཐུས་མི་རེ་ཟུང་གི་འཐུས་མིའི་འོས་བབ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ལྷན་གྱི་སྙན་ཞུ་གསན་པ་རེད།