དབུ་ཤོག>སྲིད་དོན།
  • ཝུའུ་དབྱིང་ཅེས་ལིའུ་ཧོན་ཤིན་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-28

     ཚེས་25ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཞིང་ལས་གྲོང་གསེབ་པུའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། པུའུ་ཀྲང་གཞོན་པ་བཅས་ཡིན་པའི་ལིའུ་ཧོན་ཤིན་བཅས་པ་དང་བཞུགས་མོལ་གནང་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ཀྱི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་བོད་སྐྱོར་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་ལ་སྤེལ་རེས་ཟབ་མོ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་པུའུ་ཀྲང་གཞོན་པ་ལིའུ་ཧོན་ཤིན་དང་བཅས་པ་བོད་དུ་བརྟག་ཞིབ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་མ་ཟད། ཞིང་ལས་གྲོང་གསེབ་པུའུ་ཡིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཝུའུ་དབྱིང་ཅེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ནས་ཡུན་རིང་མ་སོང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་བསྣམས་ནས་ཁོང་སྐུ་ངོ་མ་བོད་དུ་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་མ་ཟད། གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་འདི་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་ཐེངས་དང་པོ་ཡིན་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་བ་གང་ལེགས་མཚོན་གྱི་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཞིང་ལས་གྲོང་གསེབ་པུས་སྣང་རྫོང་གནས་གཏན་འཁེལ་གྱི་རོགས་སྐྱོར་ཚན་པར་བརྩིས་ཏེ་འཕྲལ་མར་བོད་སྐྱོད་འབྲེལ་མཐུད་ལས་དོན་སྤེལ་བ་དེ་ཐོག་ནས་ཞིང་ལས་གྲོང་གསེབ་པུའི་ཧ་ཅང་ནན་པའི“འདུ་ཤེས་བཞི”དང་། སྲ་ཞིང་བརྟན་པའི“གདེང་ཚོད་བཞི” “སྲུང་སྐྱོང་གཉིས”ཐུབ་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་གང་ལེགས་མཚོན་པ་དང་བོད་ཀྱི“ཞིང་གསུམ”ལས་དོན་དང་བོད་སྐྱོར་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་གནང་ལུགས་མཚོན་ཡོད་ཅེས་ནན་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས། བོད་ནི་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་ཞིག་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་རྟེན་གཞི་ཞིག་ཀྱང་རེད། མིག་སྔར་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་རྒྱུགས་འབུལ་ལམ་བུ་གསར་པར་སྐྱོད་ཡོད། དུས་རབས་གསར་པའི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཟབ་མོ་ཡོད། ཞིང་ལས་གྲོང་གསེབ་པུའུ་ཡིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང“ཚང་དགོས་པ་གསུམ་དང་ཕན་པ་གཅིག”གི་བླང་བྱར་གཞིགས་ནས། རང་ལྗོངས་ལ་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པའི་རྩེ་རིམ་ཇུས་འགོད་བཟོ་རོགས་བྱེད་པ་དང་། ཞིང་འབྲོག་ཐོན་ལས་ཀྱི་སྤྱིའི་འཆར་འགོད་བཟོ་བར་མཛུབ་ཁྲིད་བྱེད་པ། ནས་དང་འབྲི་གཡག་སོགས་ས་མཐོའི་ཁྱད་ལྡན་སྤུས་ལེགས་ཀྱི་སོན་བཟང་དང་རྒྱུད་བཟང་གི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། “ཚོགས་སྒྲིག་ཆུང་ངུ་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་བ། ཞིང་འབྲོག་ཚན་རྩལ་ཤེས་ལྡན་པའི་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་ལྗོངས་ལ་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་སྔོག་འདོན་བྱེད་རོགས་བྱེད་པ། ཕྱུགས་རྩྭ་སོགས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་རྟེན་གཞི་གཏོད་པ། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་འཕེལ་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དེ་བས་ཟབ་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ལིའུ་ཧོན་ཤིན་གྱིས། ད་ཐེངས་བོད་དུ་རྟོག་ཞིབ་བྱེད་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོད་པ་དང་། བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ། ཞིང་འབྲོག་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་བ་བཅས་མཐོང་བྱུང་བས། ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་ལ་དུས་རབས་གསར་པར་བོད་ཀྱི་ཞིང་འབྲོག་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང་། གོམ་སྟབས་རྗེས་མར་ཞིང་ལས་གྲོང་གསེབ་པུའུ་ཡིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བོད་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱས་ཏེ་གནད་སྨིན་ཇུས་བསྟར་དང་གཙོ་གནད་ཚད་བརྒལ་ཡོང་བར་བྱས་ནས་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་། ལག་རྩལ་གསོ་སྦྱོང་། ཐོན་ལས་འཕེལ་རྒྱས། སྲིད་ཇུས་ཀྱི་རོགས་སྐྱོར་སོགས་ཕྱོགས་མང་པོ་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།