ཚེས་26ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་དང་ཀྲུའུ་རེན་ཚོགས་འདུ་ཐེངས་78པ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་དང་། ནོར་བུ་དོན་གྲུབ། རྡོ་ཐོགས། ཞུས་ཞུའེ་ཀོང་བཅས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་འཆི་མེད་རིག་འཛིན་དང་། ཅི་གོ་ཀང་། ཝང་ཅུན་བཅས་དང་དེ་བཞིན། ཏང་ཙུའི་ཁོངས་མི་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་ཡོད་པ་རེད།
ཏང་ཙུའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་རིང་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པས། ང་ཚོས་དུས་རབས་གསར་པར་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་གསར་པ་བསྣན་ཡོད། ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། ཇི་མ་ཇི་བཞིན་སྦྱོང་བ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ། བསམ་གཞིག་ཟབ་མོ་བྱས་ནས་སྦྱོང་བ་བཅས་མཐའ་འཁྱོངས་བྱེད་པ་དང་། ཆ་ཚང་ཁོང་དུ་ཆུད་པ་དང་ལག་བསྟར་དོན་འཁྱོལ་ཐད་ཤུགས་སྣོན་རྒྱག་པ། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དོན་དངོས་ལ་གཞི་ཚུགས་པ་བཅས་བྱས་ནས། སློབ་སྦྱོང་གི་ཕན་འབྲས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་བོད་ཀྱི་ལེའུ་རྩོམ་པའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་བསྒྱུར་བ་བྱེད་དགོས་ཞེས་བསྟན་ཡོད།
ཀྲུའུ་རེན་ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྲོལ་ཡིག(འཆར་ཟིན)》གྱི་ཞིབ་བཤེར་བསམ་འཆར་སྐོར་གྱི་སྙན་ཞུ་དང《ལྷོ་ཁ་གྲོང་ཁྱེར་གྱི་གསར་བརྗེའི་རིག་གནས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་སྲོལ་ཡིག》གི་ཞིབ་བཤེར་སྐོར་གྱི་སྙན་ཞུར་ཞིབ་འཇུག་བྱས་པ་དང་།
ལྗོངས་ཡོངས་ཀྱི་སློབ་གསོའི་འགྲོ་གྲོན་གཏོང་ཤུགས་དང་བེད་སྤྱོད་དོ་དམ་བྱས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ་དང་ལྗོངས་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་འགན་ལེན་གནས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ་ཉན་པ། ལྗོངས་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་གི་བརྟག་ཞིབ་སྙན་ཞུར་ཞིབ་འཇུག་བྱས་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟོག་རོའི་སྦགས་བཙོག་ཁོར་ཡུག་འགོག་བཅོས་བཅའ་ཁྲིམས》ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུ་དང་། 《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས〈《རང་སྐྱོང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་གྱི་སྙན་ཞུའི》སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར〉ལག་བསྟར་དོན་འཁྱོལ་བྱས་ཚུལ》སྐོར་གྱི་རྗེས་སྙེག་ཞིབ་བཤེར་སྙན་ཞུར་ཞིབ་འཇུག་བྱས་པ། འཐུས་མི་ཁག་གཅིག་གི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་དེ་བཞིན་སྤྱི་བསྒྲགས(འཆར་ཟིན)ལ་ཞིབ་འཇུག་བྱས་པ། མི་དོན་བསྐོ་འཐེན་དོན་གནད་སོགས་ལ་ཞིབ་འཇུག་བྱས་པ་རེད།