དབུ་ཤོག>སྲིད་དོན།
  • ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི(རྒྱ་ཆེ) ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-19

    ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཟླ་7ཚེས་16ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི(རྒྱ་ཆེ)ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་རྟེན་འབྲེལ་མཛད་སྒོའི་ཕྱོགས་སྡོམ་སྙན་སེང་ཆེད་མངགས་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གནས་ཚུལ་སྙན་སེང་གསན་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཕྱོགས་སྡོམ་ཚོགས་འདུའི་ཐོག་གི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ཕུགས་བསམ་དང་དད་སེམས་བརྟན་གཏོང་དང་། ཏང་གཤིས་བློ་སྦྱོང་མཐོར་གཏོང་། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པའི་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་ངོ་མར་འགྱུར་བའི་འགན་ལེན་བྱེད་དགོས་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རིགས་ཁག་གི་སྨྱན་སྦྱོར་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་གཞི་རིམ་དང་མང་ཚོགས་ལ་ཁ་ཕྱོགས་ནས་དྲིལ་བསྒྲགས་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ཏེ། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་ཀྱང་མེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཚེ། གཞི་ནས་བོད་ཀྱི་མི་དམངས་ཚོར་བདེ་སྐྱིད་ལྡན་པའི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་མཚོན་བྱེད་དུ་བྱས་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”སྔར་བས་ཆེ་རུ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བར་ཁྲིད་སྟོན་བྱེད་དགོས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་གྲ་སྒྲིག་ལས་དོན་ཚགས་ཚུད་པོ་ཡོང་བར་བྱས་ནས་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཡག་པོ་མངོན་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་དུས་རབས་གསར་པར་དྲིན་ཚོར་མདུན་སྐྱོད་དང་ཀུན་སེམས་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་ཡིད་ཆེས་དང་ཆོད་སེམས་ཡག་པོ་མངོན་པར་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བདག་པོའི་འདུ་ཤེས་ལ་ཤུགས་སྣོན། ཆབ་སྲིད་ཀྱི་མཐོ་ཚད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རིང་མཚོ་བོད་ས་མཐོས་བཟུང་བའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་བཅས་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་མཐའ་དག་སྲུང་སྐྱོང་ཡག་པོ་བྱེད་དགོས།

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས་ནན་བཤད་བྱས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ། “ཕན་འདོགས་པ་ལྔའི”བླང་བྱ་མུ་མཐུད་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས། “གཡོ་འགུལ་མི་ཐེབས་པ་གཉིས”མཐའ་འཁྱོངས་བཅས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ་དང་ལྐོག་གཡོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ལ་རང་འགུལ་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཉམས་མྱོང་དང་བྱ་ཐབས་ཡག་པོ་ཕྱོགས་སྡོམ་བྱས་ཏེ་དད་མོས་ལ་བརྩི་འཇོག་དང་། ཁྲིམས་ལྟར་དོ་དམ། ཡུན་རིང་མཐའ་འཁྱོངས། གོམས་གཤིས་འཇགས་པ་བཅས་མཐའ་འཁྱོངས་ཀྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པར་བཟོས་ནས་མང་ཚོགས་ལ་དུས་ཚོད་དང་། སེམས་ནུས། རྒྱུ་ནོར་བཅས་ཐོན་སྐྱེད་འཕེལ་རྒྱས་དང་ལས་བརྩོན་ཕྱུག་འགྱུར་ཐད་འཇོག་པ་དང་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བར་ཁྲིད་སྟོན་བྱེད་དགོས། ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་ལས་རིགས་ཀྱི་སྒྱུར་བཅོས་ལ་ཁྲིད་སྟོན་ཧུར་ཐག་དང་། དགོན་སྡེའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཡོད་པའི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་དང་ཤེས་རྟོགས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།