དབུ་ཤོག>སྲིད་དོན།
  • ཆེ་དགྲ་ལྷས་ལྷོ་ཁར་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-17

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷོ་ཁ་གྲོང་ཁྱེར་དུ་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་ཀྲང་ཡུང་ཙེ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    སྣེ་གདོང་ཆུས་པཱ་ཧྲན་ཞིང་འབྲོག་ཀུང་སིའི་ཕག་པ་གསོ་ཚགས་རྣམ་གྲངས་དང་བོད་ལྗོངས་ཧུང་ནུང་བོད་བྱ་གསོ་ཚགས་རྟེན་གཞི་ནི་བོད་སྐྱོར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཤིག་རེད། ཆེ་དགྲ་ལྷས། ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་བོད་སྐྱོར་གྱི་ལེགས་ཆ་དང་རྣམ་གྲངས་ཀྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། སྲིད་གཞུང་གི་ཁྲོམ་རའི“བྱེད་ཐབས་གཉིས”ཡག་པོ་སྤྱད་དེ་དེང་རབས་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་མགྱོགས་སུ་བཏང་ནས་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་གཏོང་དགོས། ཁྲོམ་རའི་དགོས་མཁོའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ལས་རིགས་སློབ་གསོའི་རིག་ཚན་གྱི་ཆེད་ལས་གྲུབ་ཆ་མུ་མཐུད་ལེགས་སུ་བཏང་ནས་སྤུས་ལེགས་ཀྱི་ལས་རིགས་ལག་རྩལ་སློབ་གསོ་མཁོ་སྤྲོད་བྱེད་མང་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་རྒྱ་ཆེའི་གཞོན་ནུ་ཚོར་ཐུགས་རེ་ཟབ་མོ་བཅོལ་གནང་བ་རྒྱ་ཆེའི་གཞོན་ནུ་ཚོས་བློ་ལ་བརྟན་པོར་ངེས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཚོར་བར་བྱེད་པ་དང་། ཕ་ཡུལ་དུ་གཞི་ཚུགས་པ་དང་གཞི་རིམ་ལ་ཞབས་འདེགས་ཞུས་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་ཆེ་དགྲ་ལྷས་ལྷ་མོའི་ནང་སྦྱོང་ལ་གཟིགས་པ་དང་ཁྱིམ་ཚང་མགྲོན་ཁང་དུ་ཕེབས་ནས་མཉེན་ཆས་དང་མཁྲེགས་ཆས་སྒྲིག་བཀོད་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས། གྲོང་གསེབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཁྲོམ་ར་ཅན་གྱི་གཉེར་སྐྱོང་ལ་སྣང་ཆེན་བྱས་ཏེ། སྤྱོད་གོ་ཆོད་པའི་གཉེར་སྐྱོང་ལམ་སྲོལ་བཙུགས་ནས་ཕུགས་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་སྣོན་དགོས་པ་དང་། ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། ལེ་ལག་ཚང་བའི་སྒྲིག་བཀོད་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཏན་ཏིག་བྱས་ནས་སྣེ་ལེན་ཞབས་ཞུའི་ནུས་པ་ཆེ་རུ་དང་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་རིགས་ཁག་གི་ཤེས་ལྡན་མི་སྣ་ཚོས་ཞིང་འབྲོག་ཁུལ་གྱི་ཡངས་པའི་ས་གཞི་ཆེ་མོར་རང་ནུས་ཡོད་རྒུས་འཇོན་ཐང་ངོམས་ནས་གྲོང་གསེབ་དར་རྒྱས་ཆེད་ཤེས་ལྡན་མི་སྣ་འགན་ལེན་བརྟན་པོ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    གྲ་ནང་རྫོང་བློ་གྲོང་ཚོའི་ཀུ་ཤུའི་རྟེན་གཞི་དང་ཤིས་ཕུའུ་ཞིང་ལས་ཀུང་སིར་ཆེ་དགྲ་ལྷས། ཁྲོམ་ར་དང་གནད་སྨིན་སྦྲེལ་མཐུད་བྱས་ནས་དེང་རབས་སྒྲིག་བཀོད་ཞིང་ལས་དང་སྤྲོ་གསེང་ལྟ་སྐོར་ཞིང་ལས་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ། སྒྲིག་བཀོད་བེད་སྤྱོད་བྱེད་ཚད་དང་ཐོན་སྐྱེད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་། མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་སྒྲིག་འཛུགས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། མང་ཚོགས་དེ་བས་མང་བ་འདེབས་འཛུགས་དང་བྲིན་ཚོང་སོགས་ཀྱི་ལྷུ་ཚིགས་ཁག་ནང་ཞུགས་སུ་འཇུག་པ། ཐག་ཉེ་ས་དང་སྟབས་བདེ་ས་དང་རང་ས་རང་ཡུལ་ནས་མི་འབྲལ་བར་ཐོན་ལས་འཕེལ་རྒྱས་དང་འབབ་འཕར་ཕྱུག་འགྱུར་ཡོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    བོད་ཀྱི་ཀྲུང་ཚའེ་མདོ་ལ་རིང་མོའི་ཨར་འདམ་བཟོ་གྲྭར་ཆེ་དགྲ་ལྷས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་འཛུགས་སྐྲུན་རྒྱུ་ཆའི་ལས་རིགས་འཕེལ་རྒྱས་ཀྱི་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་དང་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། སྟོབས་ཆེན་འཁོར་འབྲེལ་དང་། ཁ་གསབ་འཁོར་འབྲེལ། སྣུར་སྲིང་འཁོར་འབྲེལ་བཅས་ཀྱི་ལས་འགན་ཁག་ལ་དམ་འཛིན་ནན་པོ་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མ་གནས་དམའ་རུ་གཏོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།