དབུ་ཤོག>སྲིད་དོན།
  • ཆེ་དགྲ་ལྷས་ལྗོངས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་དང་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-13

    ཉིན་ཤས་གོང། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་དང་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་བརྟག་ཞིབ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། ཀྲང་ཡུང་ཙེ། ལུའོ་མེ། མོང་ཞའོ་ལིན། ཀྲང་ཧུང་པོ། རེན་ཝེ། ཝང་ཡུང་བཅས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་སུ་ཆེ་དགྲ་ལྷས་ལྗོངས་ནང་ཁུལ་དུ་ངོ་འཕྲད་མི་དགོས་པར་འོས་སྐུལ་བྱེད་པ་དང་རིགས་གཅིག་མཁས་ཅན་གྱིས་རྒྱང་ཁྲིད་ཐོག་ནས་ས་ཆ་གཞན་དུ་འོས་སྐུལ་དཔྱད་བསྡུར་བྱས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་དང་མཉམ་དུ་ལས་སྟེགས་ཀྱི་ཉོ་ཚོང་བདག་སྤྲོད་དང་། ལྟ་སྐུལ་དོ་དམ་གྱི་བརྒྱུད་རིམ། འོས་དཔོད་ཀྱི་མ་གནས་གཅོག་པ་སོགས་ཀྱི་གནད་དོན་ལ་དཔྱད་བསྡུར་གཏིང་ཟབ་གནང་བ་རེད། ཆེ་དགྲ་ལྷས། སྒྲུབ་དགོས་རིགས་ཚང་མ་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་ཐོན་གྱི་ཉམས་མྱོང་དང་གྲུབ་འབྲས་ཐོབ་པའི་བྱེད་ཐབས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། སྨན་རྫས་ཉོ་སྒྲུབ་སོགས་ལྗོངས་ཡོངས་ཀྱི་གཅིག་གྱུར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལས་སྟེགས་ནང་འཇུག་རྒྱུར་སྐུལ་འདེད་བཏང་ནས“ལས་སྟེགས་ཕུད་ཉོ་ཚོང་བྱེད་མི་ཆོག་པ”རིམ་བཞིན་མངོན་འགྱུར་ཡོང་བ་བྱེད་དགོས། སྤྱི་པའི་ཐོན་ཁུངས་ཕྱི་གསལ་ནང་གསལ་ངང་ཉོ་ཚོང་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་གི་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་དང་བརྒྱུད་རིམ་ཧྲིལ་པོར་རྗེས་ཤུལ་ཡོད་པ་བྱེད་པ་དང་། སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ་དང་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ།  ལྟ་སྐུལ་ཐེར་འདོན་ཐབས་ལམ་ཤར་གཏོང་ཐུབ་པ་བྱེད་པ། འོས་སྐུལ་འོས་དཔོད་བརྒྱུད་རིམ་གྱི་འགོ་འཛུགས་ས་འདྲ་མཉམ་དང་། བརྒྱུད་རིམ་ཡོངས་བསྒྲགས། མཇུག་འབྲས་དྲང་གཞག་བཅས་འགན་ལེན་ཏན་ཏིག་བྱེད་པ། ཉོ་ཚོང་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཡོངས་བསྒྲགས་ཁ་གསལ་དང་གོ་རིམ་ལྡན་པའི་ངང་འགྲན་རྩོད་བྱེད་པའི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཁོར་ཡུག་གཏོད་པར་རམ་འདེགས་བྱེད་དགོས། སྤྱི་པའི་ཐོན་ཁུངས་བེད་སྤྱོད་བྱེད་པའི་ཕན་འབྲས་ཆེ་རུ་བཏང་སྟེ་ལས་གྲྭའི་རྣམ་གྲངས་ཀྱི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མ་གནས་བཅག་ནས་གྲོན་ཆུང་བྱས་པའི་མ་དངུལ་དམངས་འཚོ་ལེགས་སུ་གཏོང་བའི་ཐད་གཏོང་བ་དང་དམངས་ལ་བྱ་བ་དངོས་སྒྲུབ་པའི་ཐད་སྤྱོད་དགོས། འགག་གནད་སྔོན་ནས་སེལ་བ་དང་མ་བྱུང་སྔོན་འགོག་བྱས་ཏེ་སྲིད་གཙང་གི“འགོག་སྲུང་དྲ་བ”ཟམ་མི་ཆད་པར་དམ་དུ་དང་སྲིད་གཙང་གི“མེ་འགོག་གྱང”བརྟན་དུ་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ། རུལ་སུངས་ཀྱི་རྐྱེན་རྩ་མེད་པར་བཟོ་བ་བཅས་བྱས་ནས་ཁེ་ལས་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཆེ་དགྲ་ལྷ་ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ལས་སྒྲུབ་སྐར་ཁུང་དང་12345སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལས་སྟེགས་སུ་ཕེབས་ནས་ལས་དོན་མི་སྣ་དང་ལས་སྒྲུབ་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་འབྲེལ་ལས་སྒོ་གཉེར་ཚུལ་བཀའ་འདྲི་ཞིབ་ཕྲ་ཡང་གནང་བ་རེད། ཁོང་གིས་རྒྱ་ཆེའི་ལས་དོན་མི་སྣ་ཚོར་མི་དམངས་ལྟེ་བར་འཛིན་པ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་གོ་སྐབས་སུ་འཛིན་པ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དེ་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། སྲིད་དོན་ཞབས་ཞུའི་ལས་དོན་ལེགས་པར་སྒྲུབ་པའི་རང་འགུལ་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་དོ་དམ་ཞབས་ཞུའི་ཆུ་ཚད་བཟང་པོར་བརྟེན་ནས་ལས་སྒྲུབ་མང་ཚོགས་ལ་སྙིང་ཉེ་ཞིང་སྟབས་བདེ་བའི་སྲིད་དོན་ཞབས་འདེགས་ཞུ་དགོས་པའི་སྐུལ་ལྕག་གནང་བ་རེད། ཁོང་གིས། རིམ་ཁག་སྡེ་ཚན་ཁག་གིས་ལོ་འགོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གཏན་ལ་ཕབ་པའི“སྲིད་གཞུང་གི་དྲ་ཐོག་སྲིད་དོན་ཞབས་ཞུའི་ནུས་པ་སླར་ཡང་བང་རིམ་3མཐོ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་གི་དམིགས་ཚད་དཔྱད་བསྡུར་སླར་ཡང་བང་རིམ་5མཐོ་རུ་གཏོང་བའི”དམིགས་ཚད་ལས་འགན་ལ་དམིགས་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཀྱི་ཕན་འབྲས་གཏིང་ཟབ་ཏུ་གཏོང་བ་དང་། “དྲ་སྦྲེལ་+སྲིད་དོན་ཞབས་ཞུའི”ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “དྲ་བ་གཅིག་དང་། སྡེ་ཚན་གཅིག ཐེངས་གཅིག”བཅས་ཀྱི་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། “ལྗོངས་ནང་ཁུལ་དུ་གཅིག་འཐུས་ཐོག་སྒྲུབ་གཉེར་བྱེད་པ”དང་ལྷོ་ནུབ་ཞིང་ཆེན་ལྔའི་སྲིད་དོན་ཞབས་ཞུ“ཞིང་ཆེན་སྒྲོལ་ནས་གཅིག་འཐུས་ཐོག་སྒྲུབ་གཉེར”བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཞིབ་མཆན་བརྒྱུད་རིམ་སྟབས་བདེ་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་དང་འཕེལ་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།