དབུ་ཤོག>སྲིད་དོན།
  • ལྗོངས་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-12

     ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐུབ་པ་བརྒྱུད། ཉེ་ཆར་ལྗོངས་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ལས་འགན་ལ་དམིགས་པ་བཅས་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་བསྐྲུན་པའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་བསྐྲུན་རྒྱུ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞི་རིམ་གྱི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་སྲིད་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་ཐོག་ནས་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་བསྐྲུན་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེས་མཛུབ་སྟོན་ཐེངས་མང་གནང་བ་མ་ཟད། བླང་བྱའང་བཏོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་བསྐྲུན་པའི་ལས་དོན་ཡག་པོ་བསྒྲུབས་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱེད་པའི་ཀུན་གྱི་སྟེགས་བུ་དང་། གཞི་རིམ་གྱི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྟོབས་དང་ལྡན་པའི་འཐབ་ས། དུས་རབས་ཀྱི་མི་གསར་གསོ་སྐྱོང་དང་དུས་རབས་ཀྱི་དར་སྲོལ་གསར་པ་དར་སྤེལ་གཏོང་བའི་བསམ་པའི་ཁྱིམ་གཞིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དང་བླངས་ཞབས་ཞུའི་ཡངས་པའི་གར་སྟེགས་བཅས་ཡིན་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་དང་རྒྱུན་མཐུད་གཏིང་ཟབ་ངང་གོམས་སྲོལ་སྒྱུར་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་ཁྱབ་གདལ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། “ལོ་རྒྱུས་ལྔ”ཡི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་གཙོ་གནད་ལས་འགན་ལ་དམིགས་ཏེ་ཀྲུང་དབྱང་གི་ལས་དོན་གྱི་སྤྱིའི་བླང་བྱ་དང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྟེགས་བུ་དང་གཞི་རྟེན་ཡག་པོ་འདེམས་པ། བྱེད་སྒོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མང་ཚོགས་ཀྱི་དགོས་མཁོ་སྐོང་བ་བཅས་བྱེད་དགོས་པ་དང་། མང་ཚོགས་ཀྱི་དོན་དངོས་དང་ཉེ་བཅར་བྱས་ཏེ་བྱེད་སྒོ་དེ་ས་གནས་ཀྱི་ཁྱད་ཆོས་དང་མཐུན་པ་དང་། གསོན་ཤུགས་ལྡན་པ། དོན་སྙིང་ལྡན་པ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་པ། འཐབ་སའི་ཐོན་ཁུངས་བསྡུ་སྒྲིལ་དང་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཕན་འབྲས་འདོན་སྤེལ་བྱེད་དགོས་པ། བྱེད་སྒོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་བྱེད་ཐབས་གསར་གཏོད་བྱས་ཏེ་དམིགས་སའི་རང་བཞིན་དང་། ཕན་འབྲས་དངོས་ཀྱི་རང་བཞིན། ཡིད་འགུག་གི་ནུས་པ་བཅས་ཆེ་རུ་གཏོང་དགོས་པ། དང་བླངས་དཔུང་ཁག་ཡག་པོ་བསྐྲུན་པ་དང་རྩ་འཛུགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་དང་བླངས་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ། ལས་དོན་གྱི་འགན་འཁྲི་ནན་ཏུ་གཏོང་བ། གཟེར་འདེབས་ཀྱི་སྙིང་སྟོབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བཅས་བྱས་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་བསྐྲུན་པའི་མཉམ་ཤུགས་ཆེན་པོ་ཆགས་པ་བྱས་ནས། ཏང་གི་དར་ཆ་གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་སུ་ལྷབ་ལྷུབ་ཏུ་གཡོ་བར་བྱེད་པ་དང་ཆབས་ཅིག ཕུལ་བྱུང་གི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།