སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་ཆེད། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཚེས་8ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཚན་ཁྲིད་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་དང་། ནོར་བུ་དོན་གྲུབ། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཉི་མ་ཚེ་རིང་། ཝང་ཅུན་བཅས་དང་། དྲུང་ཆེ་ལིའུ་ཀོང་ཤུས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་སྐར་མ་བཅས་ཞུགས་པ་རེད།
ཏང་གི་སློབ་ཚན་མ་འཚོག་གོང་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཚན་ཁག་གི་ཁོངས་མི་དང་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཚང་མའི་སྣེ་ཁྲིད་དེ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་གཙོ་རྐང་དུ་གནང་ནས་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་འཚོལ་ཞིབ་དང་། འཛུགས་སྐྱོང་། འཕེལ་རྒྱས། འཐུས་ཚང་བཅས་བཏང་བའི་རླབས་ཆེན་ལག་ལེན་དང་ཟུང་འབྲེལ་དམ་ཟབ་གནང་སྟེ། ཏང་ཡོན་ལས་བྱེད་པ་ཡོངས་ལ་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ལྡན་ལ་ལག་ལེན་གཏིང་ཟབ་ལྡན་པའི་ཆེད་དོན་ཏང་གི་སློབ་ཚན་ཞིག་ཁྲིད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་བརྩེ་བ་ཟབ་པ་དང་། བརྗིད་ཉམས་ལྡན་པ། མཐོ་གཟིགས་འོག་བསྐྱངས། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཡོད། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་གསར་གཏོད་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་རེད། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཇི་མ་ཇི་བཞིན་སྦྱོང་བ་དང་། བསམ་གཞིག་གཏིང་ཟབ་བྱས་ཏེ་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ་བཅས་བྱས་ནས། དགོངས་དོན་གྱི་ངོ་བོར་གོ་བ་ལེན་པ་དང་ལྟེ་བའི་སྙིང་པོ་ཁོང་དུ་ཆུད་པར་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་ལས་དོན་ཡག་པོ་སྒྲུབ་པའི་བསམ་ཕྱོགས་དང་བྱེད་ཐབས་སུ་དེ་བས་ལེགས་པར་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ང་ཚོ་ཏང་ཡོན་མི་རེ་ངོ་རེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ཚབ་གནང་བའི་ཏང་ཀྲུང་དབྱང་གི་རླབས་ཆེན་འབོད་སྐུལ་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་། བློ་བརྟན་འགྱུར་མེད་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་མུ་མཐུད་ཡག་པོ་སྐྱོད་པ་བཅས་བྱེད་དགོས། མི་དམངས་འཐུས་ཚོགས་ལས་དོན་ལ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་ཞིབ་ཕྲའི་བྱ་སྤྱོད་དང་ལག་ལེན་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་མཐའ་གཅིག་ཏུ་བྱེད་ལུགས་མངོན་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་དབར་གྱི་ཤ་རུས་འདྲེས་པ་ལྟ་བུའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས། “དོན་ཆེན་བཞི”ལ་དམིགས་ནས་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ཡག་པོ་བསྒྲུབས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་འཛུགས་སྐྱོང་ཡག་པོ་བྱས་ཏེ་མི་དམངས་འཐུས་ཚོགས་ལས་དོན་གྱི་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་ཏན་ཏིག་བྱེད་དགོས། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མར་ཁེ་སེ་རིང་ལུགས་ཀྱི་དད་སེམས་སྔར་བས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་སྔར་བས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།