དབུ་ཤོག>སྲིད་དོན།
  • འོད་སྟོང་འཕྲོ་བའི་ལོ་རྒྱུས་སློབ་སྦྱོང་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ། གསར་བརྗེའི་ས་བོན་རྒྱུན་འཛིན་བཅས་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-07-05

     ཟླ་6ཚེས་26ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚན་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ལོ་རྒྱུས་ཀྱིས་ད་ལྟའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་དང་སྲིད་དོན་མི་སྐྱོང་བྱེད་པའི་ཏང་གི་ལོ་རྒྱུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་དང་། ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ། ཏང་གི་གསར་བརྗེའི་ས་བོན་རྒྱུན་འཛིན་བཅས་བྱས་ནས་ཏང་དང་མང་ཚོགས་སེམས་མཐུན་དང་། ལས་བྱེད་པ་དང་མང་ཚོགས་སེམས་པ་གཅིག་སྒྲིལ། མི་བརྒྱ་སེམས་གཅིག་གིས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བཅས་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཧོ་ཝུན་ཧའོ་དང་། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་བཅས་དཔེ་ཀློག་འཛིན་གྲྭར་ཞུགས་པ་རེད།

    མཉམ་སྡེབ་སློབ་སྦྱོང་དང་བགྲོ་གླེང་བྱེད་རིང་ཆེ་དགྲ་ལྷ་དང་། ཀྲོང་ཡན། ཡན་ཅིན་ཧའེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ། ཞུས་ཞུའེ་ཀོང་། རྡོ་རྗེ་ཚེ་སྒྲུབ། ཏུའུ་ཅན་ཀུང་། བསོད་དར་བཅས་ཀྱིས“སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ཀྱི་ལོ་རྒྱུས”ལ་དམིགས་པ་དང་། གཙོ་གནད་བསམ་གཞིག་བྱེད་པའི་ཁ་བྱང་དང་ཟུང་འབྲེལ། ལས་འགན་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། བློ་བཟང་རྒྱལ་མཚན་དང་། བསྟན་ཁོ། ཅང་ཅེ། ཝང་ཝུའེ་ཏུང་བཅས་ཀྱིས་ཡིག་ཐོག་གཏམ་བཤད་གནང་བ་རེད།

    ཝུའུ་དབྱིང་ཅེས་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་དང་ཟུང་འབྲེལ་གནང་སྟེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ཀྱི་ལོ་རྒྱུས་གསལ་འགྲེལ་དང་ཕྱིར་དྲན་གནང་བ་མ་ཟད། ཚང་མ་དང་སྤེལ་རེས་ཀྱང་གནང་བ་རེད།

    ཝུའུ་དབྱིང་ཅེས། ལོ་རྒྱུས་ནི་བསླབ་གཞི་ཡག་ཤོས་ཡིན་ཞིང་། ལོ་ངོ་བརྒྱ་ཡི་རིང་རང་རེའི་ཏང་གིས་ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། འཐབ་རྩོད་ཀྱི་ཁྲོད་ནས་འཚོ་གནས་ཡོང་ཐབས་བྱེད་པ་དང་། འཕེལ་རྒྱས་ཡོང་བ། རྒྱལ་ཁ་ཐོབ་པ་བཅས་ཀྱི་བརྩོན་ལེན་བྱས་ནས་རང་ངོས་གསར་བརྗེ་བརྒྱུད་ཚད་བརྒལ་དང་འཕེལ་རྒྱས་ཟམ་མི་ཆད་པར་ཡོང་བར་བྱས་ཏེ་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་གྱུར་བའི་བར་གྱི་རྔམ་བརྗིད་ལྡན་པའི་ལོ་རྒྱུས་སྙན་ངག་རྩོམ་དགོས་ཞེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས། ཐེངས་འདིའི་དཔེ་ཀློག་འཛིན་གྲྭ་གོ་སྐབས་དང་སྒུལ་ཤུགས་སུ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དུས་སྐབས་ཀྱི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་རང་རེའི་ཏང་གི་དུས་སྐབས་སོ་སོའི་ལོ་རྒྱུས་དང་སྦྲེལ་མཐུད་བྱེད་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་སྔར་ལས་གཏིང་ཟབ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆབ་སྲིད་ཀྱི་དོན་སྙིང་དང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་དངོས་ཀྱི་དོན་སྙིང་བཅས་ལ་ངོས་འཛིན་གང་ལེགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་སྲོལ་རྒྱུན་དར་སྤེལ། གསར་བརྗེའི་ས་བོན་རྒྱུན་འཛིན་བཅས་བྱེད་དགོས། མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་མཐའ་འཁྱོངས་ཀྱིས་ཏང་གི་འབད་འཐབ་ལྷོད་མེད་ཀྱི་ལོ་རྒྱུས་དང་། རང་སྲོག་བློས་གཏོང་ཕོད་པའི་ལོ་རྒྱུས། རིགས་པའི་གཞུང་ལུགས་འཚོལ་ཞིབ་ཀྱི་ལོ་རྒྱུས། དམངས་ལ་བདེ་སྐྱིད་སྐྲུན་པའི་ལོ་རྒྱུས། རང་ངོས་འཛུགས་སྐྱོང་གི་ལོ་རྒྱུས་བཅས་སློབ་སྦྱོང་ཡག་པོ་བྱེད་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་རྒྱུས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་ཡག་པོ་བྱས་ཏེ་ལྷག་བསམ་འཕེལ་ཐུབ་པ་དང་། དད་སེམས་འཇགས་ཐུབ་པ། ཐེག་པ་འཁུར་ཐུབ་པ། འཇོན་ཐང་རྒྱས་ཐུབ་པ། འགན་འཁྲི་ཁུར་ཐུབ་པ། རྩོལ་ཤུགས་སྐྱེ་ཐུབ་པ། སྤྱོད་གཙང་སྲུང་ཐུབ་པ་བཅས་ཡོང་བར་བྱེད་དགོས། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་བ་དང“ལྡན་དགོས་པ་གསུམ་དང་ཕན་པ་གཅིག”གི་བླང་བྱ་དོན་འཁྱོལ་བྱས་ནས་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་། སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྤྲོད་པ། བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་ཚང་མ་ཏང་ཡོན་ཡིན་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་མཁར་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་སུ་ཏན་ཏིག་བསྐྲུན་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་བཅས་བྱེད་རིང་ལས་འགན་གསར་པ་འཁུར་བ་དང་། བྱས་རྗེས་གསར་པ་མངོན་པ། ལེགས་སྐྱེས་གསར་པ་འབུལ་བ་བཅས་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དང་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།