ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་མཚམས་སུ་ཀྲུང་དབྱང་གི་འབྲེལ་ཡོད་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་གཞིར་བཟུང་། ཟླ་6ཚེས་30ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས“དམག་མི་རྒན་གྲས་ཀྱིས་ནམ་ཡང་ཏང་གི་རྗེས་སུ་འབྲང་བ་དང་། ཏང་གི་གཅེས་སེམས་དམག་མི་རྒན་གྲས་ཀྱིས་ཚོར་བར་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་བློ་མཐུན་རྒན་གྲས་དང་། འཚོ་བར་དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མི། དམག་ཞབས་ཐིམ་པའི་དམག་མིའི་ཏང་ཡོན་རྒན་གྲས། སྔོན་གཤེགས་དཔའ་བོའི་ནང་མི་བཅས་ལ་འཚམས་འདྲི་གནང་སྟེ་ཁོང་ཚོས་ཏང་གི་ཐུགས་ཁུར་དང་བྱམས་སྐྱོང་ཚོར་བར་བྱས་པ་དང་ཁོང་ཚོ་དང་མཉམ་དུ་ཏང་གི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་སོ་སོར་རུ་སྣེ་ཁྲིད་དེ་ཕེབས་པ་དང་། བོད་དམག་ཁུལ་ཁང་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་གཞོན་པ་ངག་དབང་ལྷན་དུ་ཕེབས་ཡོད་པ་རེད།
ཉི་མ་ནི་དེ་སྔ་ནག་ཆུ་དམག་ཁུལ་ཡན་ལག་ཁང་གི་འཐབ་འཛིང་པ་ཞིག་ཡིན་པ་དང་། ཁོང་དང་བཟའ་ཟླར་ནད་གཞི་ལྕི་པོ་ཕོག་ནས་ཡུན་རིང་སོང་ཡང་། འཚོ་བའི་ཁུར་པོ་ལྗིད་པོས་ཉི་མའི་བློ་སྟོབས་ཉམས་མེད། ཁོང་གིས་ཕྲུ་གུ་གཉིས་གསོ་སྐྱོང་བྱས་པ་ད་ཆ་ནར་སོན་པ་དང་ད་དུང་རྟག་ཏུ་དང་བླངས་པ་བྱས་ཏེ་རང་ཉིད་ལ་ངལ་རྩོལ་ཡོང་འབབ་ཕྲན་བུ་ལས་མེད་ཀྱང་གཞན་ལ་རོགས་རམ་བྱེད་ཀྱི་ཡོད། ཉི་མའི་གནས་ཚུལ་མཁྱེན་རྗེས་ཀྲོང་ཡན་གྱིས་ཉི་མ་དང་ཁོང་གི་བཟའ་ཟླར་ངེས་པར་དུ་སྤྲོ་སྣང་ལྡན་པའི་ངང་འཚོ་བ་སྐྱེལ་དགོས་པའི་སྐུལ་ལྕག་གནང་བ་རེད། ཁོང་གིས“ཏང་གི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཡོད་པས། དཀའ་སྤྱད་ལས་ལ་བརྩོན་ཞིང་སྙིང་སྟོབས་ཆེན་པོ་ལྡན་ཚེ་འཚོ་བ་སྐྱིད་དུ་འགྲོ་ངེས་རེད”ཅེས་བརྗོད།
དམག་ཞབས་ཐིམ་པའི་དམག་མིའི་ཏང་ཡོན་རྒན་གྲས་མཚམས་གཅོད་ཀྱི་ཁྱིམ་དུ་ཀྲོང་ཡན་གྱིས་མཚམས་གཅོད་ཁྱིམ་གྱི་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། རྒན་ཡོལ་ཞུས་ནས་ལོ་མང་སོང་བའི་མཚམས་གཅོད་ཉེ་དུས་ལྷ་ས་གྲོང་ཁྱེར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་བདམས་པ་མཁྱེན་རྗེས་ཀྲོང་ཡན་གྱི་བསྔགས་བརྗོད་གནང་ཞིང་། ཁོང་གིས་ང་ཚོས་ཁྱེད་ཀྱི་རྒན་ཡོལ་ཞུས་ཀྱང་རང་མདངས་མི་ཉམས་པའི་སྙིང་སྟོབས་ལ་སློབ་སྦྱོང་ཞུ་རྒྱུ་ཡིན་ལ། ཁྱེད་ཀྱིས་ནུས་ཤུགས་ལྷག་མ་འདོན་པ་དང་ཆབས་ཅིག་ཕྱི་ལ་མང་ཙམ་ཕེབས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འགྱུར་ལྡོག་གསར་པ་ཉམས་སུ་གང་ལེགས་མྱོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་གི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ནི་རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མི་དང་སྔོན་གཤེགས་དཔའ་བོ་ཚོས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་ཏང་གི་ཆེད་དུ་རང་སྲོག་བློས་བཏང་བ་དང་ཁ་འབྲལ་ཐབས་མེད། རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མི་དང་གཟིགས་སྐྱོང་བྱ་ཡུལ་གཞན་དག་གིས་མུ་མཐུད་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ་དམག་ཞབས་ཐིམ་ཡང་རང་མདངས་མི་ཉམས་པ་དང་དམག་དཔུང་ལས་བྲལ་ཡང་ཏང་ནས་མི་བྲལ་བར་རང་འགུལ་ངང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་བྱས་རྗེས་གསར་པ་འཇོག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ལེགས་སྐྱེས་གསར་པ་འབུལ་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་འགན་ལེན་བྱེད་པའི་ཁྲོད་འགན་འཁྲི་ཁུར་སེམས་གསར་པ་མངོན་པ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཁོང་གིས་རིམ་ཁག་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྡེ་ཚན་གྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་མྱུར་པོ་བཏང་སྟེ་དམག་ཞབས་ཐིམ་པའི་དམག་མིའི་དཀའ་གནད་སེལ་བ་དང་བྱ་བ་དངོས་བསྒྲུབ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། དམག་ཞབས་ཐིམ་པའི་དམག་མི་དང་དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མིར་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་བྱེད་པའི་རོགས་སྐྱོར་འཚམས་འདྲིའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མིར་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་དང་སྐྱིད་སྣང་ཡོང་བ་བྱེད་པ་དང་། དམག་ཞབས་ཐིམ་པའི་དམག་མི་སྤྱི་ཚོགས་ཡོངས་ཀྱི་བརྩི་བཀུར་ཐོབ་པའི་མི་སྣར་ཧུར་ཐག་འགྱུར་བ་བྱེད་པ། དམག་མི་རྣམས་སྤྱི་ཚོགས་ཡོངས་ཀྱི་གོང་བཀུར་བྱེད་པའི་ལས་རིགས་སུ་འགྱུར་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
པད་མ་དབང་འདུས་ཀྱིས་སྔ་རྗེས་སུ་དམག་ཞབས་ཐིམ་པའི་དམག་མིའི་ཏང་ཡོན་རྒན་གྲས་བློ་བཟང་ཚེ་རིང་དང་། སྔོན་གཤེགས་དཔའ་བོའི་ནང་མི་ཚེ་ལྷ། དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་བློ་མཐུན་རྒན་གྲས་ལི་ཆུས་ཅང་། འཚོ་བར་དཀའ་ངལ་ཡོད་པའི་དམག་ཞབས་ཐིམ་པའི་དམག་མི་ནོར་བུ་བཅས་ཀྱི་ཁྱིམ་དུ་ཕེབས་ནས་རྒན་རྒོན་དང་དེ་བཞིན་ཁོང་ཚོའི་རྗེས་རབས་པའི་གཟུགས་གཞི་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་ཁྲོད་ལེགས་སྐྱེས་ཧུར་ཐག་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།