ཉིན་ཤས་གོང་། ལྗོངས་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི”སྐོར་ལ་གཅིག་སྡུད་སློབ་སྦྱོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་ཡིན་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་ལེན་ནན་པོ་བསྟར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རིང་། སྲིད་གྲོས་ཀྱི་ལེགས་ཆའི་ནུས་པ་འདོན་སྤེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་བཞད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲོང་ཡན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུ་ནི་རྒྱལ་ཁབ་ལ་འཛིན་པའི་མོས་སེམས་དང་མི་རིགས་མཉམ་འདྲེས་ཀྱི་བརྩེ་སེམས་ཀྱི་འབྲེལ་ཐག་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་གཞི་རྟེན། ཀྲུང་ཧྭ་མི་རིགས་ཉམས་པ་མེད་པར་མུ་མཐུད་འཕེལ་རྒྱས་སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་ཡིན་པས། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་བློའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་ཀྱི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་དགོས་ཞེས་གསུངས་པ་རེད།